ཚངས་དབྱངས་རྒྱ་མཚོར་ཕུལ་བའི་མཆོད་གླུ།

ཙན་དན་དམར་པོ།        2019-01-16

དྭངས་གཙང་སེམས་པ་འདི་ཆོས་ལ་ཕྱིན་པས།།

ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་ཡོད།།

སྲིད་པ་ཁམས་གསུམ་གྱི་སྙན་ངག་མཁན་པོ།།

ཚངས་དབྱངས་རྒྱ་མཚོ་དེར་སྙིང་ནས་འདུད་དོ།།

 

ཀུན་མཁྱེན་རྒྱལ་ཀུན་གྱིས་རྟག་ཏུ་བསྔགས་པའི།།

རབ་འབྱམས་ཆོས་དབྱིངས་ཀྱི་སྒེའུ་ཡོལ་ཕྱེ་མཁན།།

སྣ་ཚོགས་སྒྱུ་འཕྲུལ་གྱི་མིག་འཕྲུལ་ཅན་པོ།།

གཉུག་མའི་དོན་མཐོང་པ་ཚངས་དབྱངས་རྒྱ་མཚོ།།

 

རིག་པའི་ནོར་མཛོད་ཀྱི་གསེར་དཀར་ལྡེ་མིག།

སེམས་ཀྱི་ཤིང་སྒམ་ན་བསྐུངས་ནས་ཡོད་ལ།།

རིགས་དྲུག་ཐར་ལམ་དུ་འགོད་པའི་ཁུར་ཆེན།།

ཐུགས་ཀྱི་རྡོ་ལེབ་ངོར་རི་མོར་ཕབ་ཡོད།།

 

ལུགས་གཉིས་ཟུང་སྦྲེལ་གྱི་ཕོ་བྲང་སྤངས་ནས།།

ཁྲུང་ཁྲུང་དཀར་མོ་ཡི་གཤོག་རྩལ་གཡར་ཏེ།།

ལི་ཆུ་དྭངས་མོ་ཡི་མཛེས་ལྗོངས་ཉུལ་བཞིན།།

ཁམས་ཀྱི་ལི་ཐང་དུ་གཡས་བསྐོར་གནང་ཡོད།།

 

བརྩེ་བ་དམར་ཁྲ་འདིས་སེམས་པ་བཀུག་ཏེ།།

དུང་བ་དཀར་སྐྱ་མར་རྣམ་དཔྱོད་འཁོར་མྱོང་།།

ཨུ་དུམ་བཱ་ར་དེ་མཆོད་པར་བཤམས་ཡོད།།

རྔ་དུང་རྒྱ་གླིང་གིས་བརྩེ་མགུར་བཞེངས་མྱོང་།།

 

སྡུག་བསྔལ་སྒྱུ་འཕྲུལ་གྱིས་འགྲོ་ཀུན་མནར་ཚུལ།།

སེམས་ཀྱི་ཡུལ་ལུང་ལ་རབ་ཏུ་ཤར་བས།།

བཅུ་ཕྲག་རིག་མཛོད་ཀྱི་ཆུ་ཐིགས་དཀར་པོས།།

ཐུགས་ཀྱི་དངུལ་བུམ་དེ་གང་ནས་ཡོད་དོ།།

 

སོ་ཕྲེང་དཀར་པོ་དེ་ཀུན་ལ་སྟོན་པའི།།

མ་སྐྱེས་ཨ་མ་ལ་བརྩེ་བ་ཟབ་མོད།།

ལྷ་ལམ་ནམ་མཁའ་ཡི་དཀར་གསལ་ཟླ་བ།།

མ་སྐྱེས་ཨ་མ་ཡི་ཞལ་དུ་འཁྲུལ་མྱོང་།།

 

མ་ཎི་ཡིག་དྲུག་དེ་རང་གཟུངས་ཡིན་ཀྱང་།།

བདེ་ལྡན་ཞལ་ལྕེ་ཡིས་འདོན་བྱ་བྱས་ཡོད།།

མེས་པོའི་བཀའ་ཆེམས་དེ་རྟོགས་ནས་ཡོད་ཀྱང་།།

མདུན་གྱི་ཤོག་ངོས་སུ་ཕབ་མྱོང་མི་འདུག།

 

ལེགས་མིན་ཉེས་ཚོགས་ཀྱི་དྲི་མ་འཁྲུད་ཕྱིར།།

མཚོ་བྱུང་བྱིན་རླབས་ཀྱི་རླུང་བུས་རམ་བཏེགས།།

ལེགས་བཤད་མཐོ་རིས་ཀྱི་ཆུ་བོ་འདྲེན་པའི།།

སེམས་ཀྱི་སྟོན་པ་དེ་ཁྱེད་ཉིད་འབའ་ཞིག།

 

གདོད་མའི་སངས་རྒྱས་ཀྱི་བྱིན་རླབས་ཆར་བ།།

སེམས་པའི་སྐྱེད་ཚལ་ན་ཤག་ཤག་བབས་པས།།

ཀུན་ཕན་སེམས་པ་ཡི་མེ་ཏོག་བཞད་ཀྱང་།།

མགུར་གླུའི་བུང་བའི་ཚོགས་ཕྱི་རུ་ལྡིང་སོང་།།

 

དགེ་སྡིག་བླང་དོར་གྱི་རྣམ་དཔྱོད་ཕྲ་མོ།།

འབྱེད་འདོད་སེམས་པ་དེ་ཐུགས་སུ་ཡོད་ཀྱང་།།

དགའ་སྤྲོའི་ཆུ་མོ་ཡི་བཞུར་རྒྱུན་མི་གཅོད།།

མགུར་གླུ་སྙན་པོ་དེ་ལེན་མཚམས་མི་འཇོག།

 

ལྷོ་སྤྲིན་དཀར་པོ་དེའི་རྗེས་སུ་ཉུལ་ཏེ།།

བརྗིད་ལྡན་བྱ་རྒོད་ཀྱི་ཕུང་པོའི་རི་བོ།།

དྲི་མེད་རྒྱལ་བ་ཡི་གླེགས་བམ་སྣང་བས།།

ཐུགས་ཀྱིས་གུས་ཚུལ་དེ་ཕྱི་རུ་མངོན་མྱོང་།།

 

ཨ་གསར་སེམས་པ་དེས་དབུལ་ནས་ཡོད་ཀྱང་།།

ལྷག་བསམ་དྲི་མེད་དེས་ཕྱུག་ནས་འདུག་པས།།

གདན་ཞུའི་ཡི་གེ་རྣམས་དངུལ་ཆུས་བྲིས་ཏེ།།

མགྲོན་ཤོག་ཁྲ་རིལ་དེ་རྒོད་པོར་བསྐུར་ཡོད།།

 

གང་གི་མཛད་འཕྲིན་གྱི་རྒྱ་མཚོ་ཆེན་པོར།།

རྒྱལ་ཀུན་མཁྱེན་དཔྱོད་ཀྱི་གཤོག་དཀར་ཉ་མོས།།

ཆ་ཙམ་རྟོགས་པ་ཡི་དཔའ་སྤོབས་མེད་ན།།

བདག་མིག་ཁྲ་རིལ་མར་ཅི་ལྟར་ཡོད་དམ།།

 

འོན་ཀྱང་མཛད་རྣམ་གྱི་རྒྱ་མཚོའི་ཐིགས་པ།།

སེམས་ཀྱི་ས་གཞི་ལ་ལེགས་པར་ཟེགས་རྣམས།།

ཅུང་ཙམ་འགོད་འདོད་ཀྱི་སྤྲོ་དགའི་འདབ་ལོ།།

དད་གསུམ་རླུང་བུ་ཡིས་ལྡེམ་ལྡེམ་བཏེགས་ཡོད།།


  • ལེ་ཚན་སྔོན་མ།:རླུང་བུ་གཡུགས་ཕྱོགས་མིན་ན།
  • ལེ་ཚན་རྗེས་མ།:ཨ་མ།