བུད་མེད།

རྔ་འོད        2019-01-14

བུད་མེད་ནི།

རྨི་ལམ་བཞིན་རྨིས་ཀྱང་།

ཐོབ་དཀའ་བའི་སྒྱུ་མ་ཞིག་ཏུ་གྱུར།


བུད་མེད་ནི།

ཉན་བཞིན་པའི་རོལ་དབྱངས་ཤིག

སྐབས་འགར་ངལ་དུབ་ཀྱི་སུན་སྣང་སྐྱེས།


བུད་མེད་ནི།

རྩྭ་ཐང་གི་རྟ་ཕོ་བཞིན།

སུས་ཀྱང་ལོངས་སྤྱོད་ཆོག་པའི་གཡོག་འཁོར་ཡིན་ནམ།

བུད་མེད་ནི།

མཁའ་དབྱིངས་ཀྱི་འཇའ་ཚོན་བཞིན།

རེག་ཏུ་མེད་པའི་བསླུ་བྲིད་ཡིན་ནམ།


བུད་མེད་ནི།

ལུ་གུ་བཞིན་སེམས་ཀྱིས་བསྲུངས་ནས།

ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བྱས།


བུད་མེད་ནི།

ཉི་ཟླའི་འོད་སྣང་བཞིན།

དྲོད་བསིལ་གྱི་དབྱར་དགུན་གཉིས་ཡིན།


  • ལེ་ཚན་སྔོན་མ།:སྒེའུ་ཁང་ནང་གི་དགུན་ཁ།
  • ལེ་ཚན་རྗེས་མ།:རླུང་བུ་གཡུགས་ཕྱོགས་མིན་ན།