ང་ནི་སྡུག་བསྔལ་གྱིས་གཟེར་བའི་མི་ཞིག་ཡིན།

མྱུག་ཆར།        2019-01-14

    དགའ་སྐྱོའི་གུད་དུ་ངལ་དུབ་ཀྱིས་བཀང་ཡོང་དུས།ང་ནི་རང་ཉིད་ཐེད་ལ་བོར་ནས་འཚོ་བའི་སྒོ་དྲུང་ནས་རྨི་ལམ་ལྟ་བའི་འཚོལ་སྙེག་བོར་འགྲོ་བའམ།རང་ཉིད་ཁུ་སིམ་མེར་གྲགས་མེད་འགུལ་མེད་དུ་གཉིད་འགྲོ་བར་སྙམ་དུས།བྲང་ཁོག་གི་སྙིང་ཆུང་ཚལ་བར་གཤགས་ནས་ཨ་ཧོ་སྙམ་པའི་ཚོར་བས་མདུན་དུ་བགྲོད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད།

    ང་རང་འཚོ་བར་ཨ་ཐང་ཆད་ལ་ལྷག་པར་ཞེ་འཁོན་དང་བརྩེ་དུང་གིས་ང་ཉིད་ཅི་ཡང་མིན་པར་བཏང་བས་ན།ང་ནི་འཁོར་བའི་སྒྲུང་ནང་གི་སྡིག་སྒྲིབ་དང་སྡིག་སྒྲིབ་ལ་འབྱར་བའི་མི་རྣམས་མཐོང་རྒྱུ་འདུག ཁོ་ཚོས་ཅི་མི་སྙམ་པར་མགོ་བོ་ཀྲོག་ཀྲོག་གིས་བརྩེ་དུང་དང་མི་ཚེ། ཡང་ན་འཚོ་བ་གླེང་ནས་དོན་དུ་ང་ཉིད་ཁོ་ན་བསམས་ནས་བདེ་སྐྱིད་འབའ་ཞིག་ལ་བརྩོན་པའི་ཚེ། ཁོ་ཚོའང་ང་དང་འདྲ་བར་སྐྱིད་སྣང་གིས་བཏེགས་པའི་སེམས་ཚོར་སྐད་ཅིག་སྐད་ཅིག་ལ་ཡལ་འགྲོ་བར་འདུག དོན་དུ་འཚོ་བ་ནི་དགའ་སྐྱོའི་ཉིན་སྲིབ་གཉིས་ཀྱིས་གྲུབ་འདུག

    ང་ཡི་སྡུག་བསྔལ་ཆེ་ཤོས་ནི་རང་གིས་རང་ལ་མཐོང་ཆུང་ངམ་རང་ཉིད་རང་འགུལ་ངང་དམའ་ས་ནས་དུད་དེ་འགྲོ་བ་དེ་རེད།ངས་རང་ཉིད་ལ་ཡིད་རྟོན་བྱེད་མ་ཐུབ་པའི་ཚེ་ན་ང་ཉིད་མི་གྲལ་དུ་མ་ཚུད་པའམ་གཞན་གྱི་མཐོང་ཆུང་བྱ་ཡུལ་དུ་འགྱུར་འདུག

    སྐབས་ཤས་ལ་རང་ཉིད་འཚོ་བའི་སྲང་ལམ་གྱི་སྒོ་ཁྱིའམ་ཡང་ན་སྤྲང་པོ་ཞིག་དང་ཀུན་ནས་མཚུངས།ཞིབ་མོ་འདང་རེ་བརྒྱབ་ཡོང་དུས།རང་ཉིད་ནི་འགྲོ་འདུག་མི་ཤེས་ལ་རང་ཚུགས་ཀྱང་མི་ཐུབ་པའི་བྱིས་པ་བསམ་མེད་ཡིན་དུས་ཀྱི་ལོ་ཟླ་དེར་ལུས་འདུག

    ངས་སྐྱོ་ཤས་དྲུད་དེ་ཞོར་དུ་རང་སེམས་གསོ་བྱེད་ཀྱི་གླུ་གཞས་རེ་གཏོང་བར་འདོད་དུས།ངའི་ཡིད་ལ་མང་པོ་མང་པོ་ཞིག་འཆར་འོངས།ད་ནི་ལྷོག་ལྷོག་ཏུ་ལྡིང་བཞིན་པའི་སྙིང་ཆུང་ཡར་ལ་བཏེགས་ནས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དགོས་པར་སྙམ་དུས།སྙིང་སྟོབས་མྱུར་མོར་ཞི་འགྲོ་བས་ང་རང་མདུན་བསྐྱོད་བྱེད་ཐབས་བྲལ།

    ང་རང་མི་ཚོགས་ཀྱི་གྲལ་ན་ཡོད་དུས་ངོ་སོ་ཤིན་ཏུ་ཆུང་།ང་རང་ན་མཉམ་དག་དང་ལྷན་དུ་ཡོད་དུས་རྩིས་ཐང་དེ་བས་ཆུང་།ང་རང་མི་རིགས་ཀྱི་གྲལ་ན་ཡོད་དུས་སྒལ་ཚིགས་ཧ་ཅང་ཧ་ཅང་གིས་ཆུང་།དེ་དག་གི་དབང་གིས་ང་ཉིད་འཇིག་རྟེན་ན་ཡོད་མིན་མི་མང་པོས་ཤེས་གྱིན་མི་འདུག ངས་མགོ་བོར་མཐོན་པོར་བཏེགས་ནས་ངའོ་སྙམ་ནའང་གཞན་གྱི་མིག་ནང་གི་ང་ནམ་ཡང་ང་ཡིན་པ་རེད། ངས་སྙམ་ན་འཇིག་རྟེན་གྱི་བྱ་བ་ཆེས་ཡག་ཤོས་ནི་འགྲོ་འདུག་དང་ཀུན་སྤྱོད་ཡིན་འདུག མངོན་སུམ་འཚོ་བའི་ཁྲོད་ནས་ཁྱོད་ཉིད་མི་གང་རུང་ཞིག་བྱེད་པའི་གདམ་གསེས་རང་ལ་ཡོད་འདུག གདམ་གསེས་དེའི་ཁྱོད་མི་ཚེ་དང་རིན་ཐང་དེ་མིན་བདེ་སྐྱིད་སོགས་ཐག་གཅོད་པར་བྱེད།གལ་སྲིད་ཁྱེད་ཉིད་འཚོ་བར་དགའ་ལ་ཕུགས་བསམ་ཡང་ཡོད་མཁན་ཞིག་ཡིན་ཚེ་རང་གིས་རང་ཉིད་དམན་སར་འཛིན་མི་རུང་ལ་མཐོ་སར་དེ་བས་ཀྱང་འཛིན་མི་རུང་།གལ་སྲིད་ཁྱོད་རང་བདེ་སྐྱིད་ལྡན་པའི་མི་ཞིག་བྱ་འདོད་ཚེ་འཚོ་བར་དགའ་ཞེན་ཆེ་དགོས་པར་མ་ཟད་ནམ་ཡང་དགོད་ཐུབ་མཁན་ཞིག་ཡིན་དགོས་འདུག འཚོ་བ་ནི་མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་ཏེ།ཁྱོད་རང་བགད་པས་དེ་ཡང་དགོད་པར་འགྱུར།ཁྱོད་རང་ངུས་པས་དེ་ཡང་ངུ་བར་བྱེད།དེས་ན་བདེ་སྐྱིད་ཀྱི་འཚོ་བར་རྙེག་མཁན་ཞིག་ཡིན་ཚེ་ཐོག་མ་ཉིད་ནས་དགོད་ཤེས་རྒྱུ་གལ་ཆེ་བར་འདུག

    ང་རང་སྡུག་བསྔལ་གྱི་མནར་མྱོང་བས་ད་ལྟ་ངས་བདེ་སྐྱིད་ཟེར་རྒྱུ་ཞིག་ངོ་ཤེས་རྒྱུ་འདུག ང་རང་ཁེར་རྐྱང་དུ་སྡོད་མྱོང་བས་ད་ལྟ་ངས་བརྩེ་དུང་ཟེར་རྒྱུ་ཞིག་སེམས་ལ་འཛིན་རྒྱུ་ཡོད། ང་རང་ཁ་མི་གྲགས་པར་འཚོ་མྱོང་བས་ད་ལྟ་ང་རང་གླུ་གཞས་གཏོང་བར་དགའ་གྱིན་འདུག ང་རང་སེམས་ཚགས་ཀྱིས་མནར་མྱོང་བས་ད་ལྟ་ང་རང་བག་ལྷོད་པར་སྡོད་བར་དགའ། ཡིན་ན་ཡང་ང་སྡུག་བསྔལ་དང་ཁེར་རྐྱང་སོགས་ལ་མི་དགའ་བ་ནང་བཞིན་ངས་བདེ་སྐྱིད་དང་བརྩེ་དུང་སོགས་ངོས་ཟིན་པའི་ཁར་དེ་དག་ལོངས་སྤྱོད་པའང་བྱེད་ཤེས་དགོས་འདུག ང་ནི་རང་ཉིད་ལ་དགའ་བ་ནང་བཞིན་འཚོ་བར་དགའ་ན་གཞན་ཉིད་ཡང་འཚོ་བར་དགའ་བ་ནང་བཞིན་ང་ལ་དགའ་བ་ཡིན་འདུག

    ང་རང་སློབ་གྲྭར་ཞུགས་རྗེས་ངས་ལོ་རེར་བཞིན་དུ་རང་ཉིད་ངོས་ཟིན་རྒྱུ་འདུག ངས་རང་ཉིད་ངོས་ཟིན་རྒྱུ་ཡོད་དུས་ང་ཡི་རྒྱབ་ཕྱོགས་ན་མི་མང་པོ་ཞིག་ཡོད་འདུག མི་རེ་རེའི་ང་མཐོང་ན་གདོང་ན་འཛུམ་བགྱི་ལེར་ཡོད་འདུག དེའི་དུས་ང་ཡི་གདོང་ན་འཛུམ་མདངས་ཟོལ་མེད་ཅིག་ཡོད་འདུག དེ་ནི་ང་རང་འཇིག་རྟེན་འདིར་འོངས་ནས་བདེ་སྐྱིད་ཅིག་ངོས་ཟིན་སྟངས་ཡིན།

    ང་རང་སྙན་ངག་འབྲི་རྒྱུར་དགའ་བས་ང་རང་འཚོ་བ་དང་བརྩེ་དུང་སོགས་ལ་དེ་བཞིན་དུ་དགའ།ངས་སྙན་ངག་འབྲི་དུས་རྟོག་སྣང་གིས་བྲིས་པ་ཡིན།ང་ཉིད་ཤིན་ཏུ་ཆུང་བས་སྙན་ངག་པའང་དེ་བཞིན་དུ་ཆུང་བར་འདུག ང་རང་བར་སྣང་ན་འཕུར་གྱིན་ཡོད་དུས་མི་ཚོགས་ས་ཐོག་ན་འདུར་རྒྱུག་གིས་བྲེལ་འདུག ང་རང་ཕྱིར་ས་ཐོག་ལ་ལྷུང་དུས་མི་ཚོགས་ས་ཐོག་ནས་བར་སྣང་ལ་འཕུར་ཚར་འདུག དེའི་དུས་ངས་ད་གཟོད་སྙན་ངག་རྐྱང་རྐྱང་བྲིས་ནས་འཕུར་མི་ཐུབ་པ་རྟོགས་རྒྱུ་འདུག དེའི་དུས་ངས་ད་གཟོད་རང་ཉིད་མདུན་དུ་བསྐྱོད་དགོས་པར་བསམ་གཞིགས་བྱ་རྒྱུ་འདུག

ང་རང་ལག་ཆགས་ནས་སློབ་གྲྭ་ཆེན་པོ་ལས་ཐོན་སོང་།གཞན་རྣམས་ང་ལས་ལག་ཆགས་ཡོད་འདུག བལྟས་ཚོད་ལ་ཅི་ཡང་མི་རྟོགས་མོད། དོན་དུ་དེ་ཚོས་སྔ་མོ་ནས་རང་ཉིད་ངོས་ཟིན་ཡོད་འདུག


  • ལེ་ཚན་སྔོན་མ།:ང་རང་ཆེས་སྐྲག་ས་ནི་དུས་ཚོད་ཀྱི་ཐག་སྒྲ་རེད།
  • ལེ་ཚན་རྗེས་མ།:ལམ་ཕྲན།