དཔོན་པོ་བྱེད་པའི་དུས་ཀྱི་དཀའ་བ་བཅུ།

ཉི་མ་རྡོ་རྗེས་བསྒྱུར།        2019-01-04

    དྲང་ཐད་ནས་བཤད་ན་དཔོན་པོ་བྱེད་པ་དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ཡིན་མོད།འོན་ཀྱང་དེང་སང་ལས་བྱེད་པ་བདག་གཉེར་བྱེད་པའི་ཐད་ལ་ད་དུང་མི་འདང་ས་མང་པོ་ཡོད་པས་དཔོན་པོ་ཞིག་བྱེད་ཐུབ་ན་དཔལ་འབྱོར་གྱི་ཁེ་ཕན་དང་དམིགས་བསལ་གྱི་དབང་ཆ་མང་པོ་ཕྱོགས་མི་འདྲ་ས་ནས་མངོན་ཐུབ་པས་དཔོན་པོ་བྱེད་རྒྱུར་དགའ་བའི་མི་རྣམས་ཀྱིས་"བཟང་ཆ"དེ་རྣམས་ལ་དམིགས་ནས་དཔོན་པོ་བྱེད་པའི་

གྲས་སུ་ཚུད་ཐབས་བྱེད་ཀྱིན་ཡོད།འོན་ཀྱང་གྱོང་གུད་དང་ཁེ་ཕན་གཉིས་འདྲ་མཚུངས་སུ་གནས་པས་དེ་ལས་བྱུང་བའི་ཉེན་ཁ་ནི་རྟག་ཏུ་གནས་པ་ཞིག་རེད།

    གཅིག་ནི་"ལྐོག་མདའ་ལ་གཡོལ་དཀའ་"བའི་རིགས།

    དཔོན་པོ་རུ་གྱུར་རྗེས་ཁྱོད་ལ་རེ་བ་བཏོན་ནས་བྱ་བ་བསྒྲུབ་པའི་མི་ཇེ་མང་ནས་ཇེ་མང་དུ་གྱུར།དེ་ནས་མི་རྣམས་ཀྱིས་བྱ་ཐབས་འདྲ་མིན་བཙལ་ནས་ཁ་བརྟོལ་ས་ཞིག་བཙལ་བ་སྟེ།

ཁྱོད་ཆང་འཐུང་རྒྱུར་དགའ་ན་ཆང་གྲགས་ཅན་སྟེར་བ་དང་།ཁྱོད་དངུལ་སྒོར་ལ་དགའ་ན་དངུལ་སྒོར་སྟེར་བ་སོགས་ཁྱོད་དགའ་སའི་དངོས་རྫས་དེ་ཁྱོད་ལ་སྟེར་ངེས་ཡིན། དེའི་

དམིགས་ཡུལ་ནི་ཁྱོད་ཀྱི་རང་ཚུགས་ཤོར་དུ་བཅུག་པ་དེ་རེད།

    གཉིས་ནི་"བཀྲ་ཤིས་པའི་གཏམ་སྙན་དེ་དོན་ཐོག་ཏུ་མི་གནས་"པའི་རིགས།

   དཔོན་པོ་རུ་གྱུར་རྗེས་ཁྱོད་ཀྱི་ཁ་དེ་ཁྱོད་ཀྱི་ཡིན་པ་མ་ཟད།ཁྱོད་ཀྱི་སྐད་ཆ་ཚིག་གཅིག་གིས་མི་ཞིག་གི་"ལས་དབང་"ལ་ཐག་གཅོད་བྱེད་ནུས།དེས་ན་འོག་མས་ཁྱོད་ཀྱི་ངོ་མདོག་དང་བསྟུན་ནས་སྐད་ཆ་བཤད་ལ།བཤད་པའི་སྐད་ཆ་ཚང་མ་མི་སེམས་ལ་དྲོད་སྐྱིད་སྟེར་བའི་སྐད་ཆ་རེད།ཁྱོད་ཀྱིས་བཤད་པའི་སྐད་ཆ་ནང་ནོར་བ་མང་པོ་ཡོད་ན་ཡང་ཡང་དག་པའི་མཛུབ་སྟོན་ཞིག་ཏུ་བརྩིས་ནས་བྱ་བ་བསྒྲུབ་པ་རེད།དེས་ན་དྲང་བདེན་གྱི་སྐད་ཆ་ཐོས་དཀའ་བས་ཚན་རིག་དང་མཐུན་པའི་བདམ་གསེས་དང་ཐག་གཅོད་བྱེད་དེ་བས་ཀྱང་དཀའ་མོ་ཡིན།

   གསུམ་ནི་"བློ་སེམས་དཀར་བའི་གྲོགས་པོ་བཙལ་དཀའ་"བའི་རིགས།

   ཕྱུག་ཆེན་དང་དཔོན་ཆེན་བར་ཕར་བལྟས་ཚོད་ལ་མཛའ་བཤེས་ཡོད་པ་འདྲ་མོད། འོན་ཀྱང་ཁོ་ཚོའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་མཛའ་བཤེས་དེ་རྒྱུ་ནོར་གྱི་རྨང་གཞི་ཐོག་བཞག་པ་ཞིག་ཡིན་པས་གལ་ཏེ་རྗེས་སུ་མི་ལེགས་པའི་གནས་ཚུལ་བྱུང་ན་"ཐང་ཤིང་འགྱེལ་ན་སྤྲེའུ་ཕྲུག་ཕྱོགས་བཞིར་བྲོས་"པ་དང་"གྱོང་གུད་བྱུང་དུས་བྲོས་ས་ཅི་རྙེད་བལྟ་"བའི་བྱ་བ་བསྒྲུབ་པར་ཐེ་ཚོམ་མེད།

   བཞི་ནི་"དོང་རྙི་གང་དུ་ཡོད་པ་རྟོགས་དཀའ་"བའི་སྐོར།

   རང་གི་འགྲམ་དུ་རྒྱུན་དུ་གུས་གུས་ཞུམ་ཞུམ་བྱེད་པའི་ཁྱི་རྒན་ལྟ་བུའི་མི་རྣམས་དང་།རང་གིས་"མཐུན་གྲོགས་དགའ་གྲོགས་"ཀྱིས་ཁྱོད་ལ་བློ་ཡུལ་ལས་འདས་པའི་དོང་རྙི་ནང་དུ་འཕེན་པའི་དུས་སྐབས་ཀྱང་ཡོད་པ་རེད།

   ལྔ་ནི་"དྭངས་གཙང་གི་བརྩེ་དུང་"དེ་ངོ་མ་ཡིན་དཀའ་བའི་སྐོར།

   དཔོན་པོ་བྱས་རྫེས་བུ་མོ་གཡོ་ཅན་མས་དགའ་བསུ་ཐོབ་སླ་བ་ཡོད།བུ་མོས་འགོ་ཁྲིད་ལ་དགའ་པོ་བྱེད་པ་དེའང་འགོ་ཁྲིད་ལས་ཁེ་ཕན་མང་པོ་ཐོབ་ཆེད་ལས་བརྒལ་མེད།ཕན་པ་འཐོབ་འདོད་པའི་བུ་མོས་ཀྱང་བློ་ཐབས་ཅི་ཡོད་ཀྱིས་དཔོན་པོའི་སེམས་པ་བཀུག་ཅི་ཐུབ་བྱེད་པ་དང་།དཔོན་པོ་ལ་འཆང་བའི་བརྩེ་དུང་དེ་ནི་རང་ལ་ཕན་པ་ཐོབ་ཆེད་ཡིན་པ་ལས་བརྩེ་དུང་དག་མ་དེ་མ་ཡིན་པ་རེད།

   དྲུག་ནི་"བྱ་བ་རྫུན་མ་ཙམ་ཡང་བསྒྲུབ་དཀའ་"བའི་སྐོར།

   དཔོན་པོ་བྱས་རྗེས་བྱ་བ་མ་བསྒྲུབ་ན་བྱས་རྗེས་གང་ནས་ཡོང་།བྱ་ཐབས་གཙོ་བོ་ནི་"བྱ་བ་བསྒྲུབ་ཐབས་"ལ་རག་ལས་ཡོད།འགོ་ཁྲིད་མང་པོ་ཞིག་ཕར་ལ་བལྟས་ན་ཞི་ཞིང་འཇམ་པོ་དང་རྒྱུད་བཟང་གཞུངས་དྲང་།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ངང་ཚུལ་འདྲ་པོ་ཡོད་ཀྱང་མཐར་རྒྱུ་ཟ་བཙོན་ལྷུང་གི་གནས་སུ་ལྷུང་དུས།"བྱ་བ་རྫུན་མ་ཙམ་ཡང་བསྒྲུབ་"ཐབས་མེད་པའི་བྱ་བ་དང་དེ་སྔོན་བསྒྲུབ་པའི་བཅོས་མའི་བྱ་བ་རྣམས་ཚང་མའི་སྔོན་དུ་ལྷང་ངེར་མངོན་ངེས་རེད།

   བདུན་ནི་"དཔོན་པོ་ཕུལ་བྱུང་ཅན་ཞིག་བྱེད་དཀའ་"བའི་སྐོར།

   ཚོགས་འདུ་འཚོག་པ་དེ་ནི་བྱ་བ་བསྒྲུབ་པ་ཡིན་ཞིང་། ཆང་འཐུང་བ་ནི་མཐུན་སྦྱོར་བྱེད་པ་ཡིན།དངུལ་ཆད་གཅོད་པ་ནི་བདག་གཉེར་བྱེད་པ་ཡིན།གྲོན་དངུལ་བསྡུ་བ་ནི་ཞབས་འདེགས་བྱེད་པ་ཡིན།ད་དུང་གྲངས་ཀ་རྫུན་མ་བཟོ་བ།སྙན་ཞུ་བཅོས་མ་སྤེལ་བའི་བྱ་བ་བསྒྲུབ་ནས་"ཕུལ་བྱུང་ཅན་གྱི་དཔོན་པོ་"ཞིག་གི་བྱ་བ་དེ་མ་བསྒྲུབ་ན་མང་ཚོགས་ཀྱིས་ཁྱོད་སོང་ཤུལ་ནས་མཆིལ་ཞགས་འཕེན་ཁོ་ཐག་རེད།

   བརྒྱད་ནི་་"འགོག་དཀའ་བའི་ཧམ་སེམས་"ཀྱི་སྐོར།

   "དཔོན་པོ་བྱས་རྗེས་ཕྱུག་པོར་མ་གྱུར་ན།ང་ལ་བོས་ཀྱང་ང་ནི་མི་འགྲོ་ངེས།"ཞེས་དང་།དབང་ཆ་ཡོད་པ་དང་།རྒྱུ་ནོར་ཡོད་པ།སྟོབས་ཤུགས་ཡོད་པའི་སྒོ་ནས་ཅི་མོས་གང་བསམ་བསྒྲུབ་ཅིང་ཟ་བ་དང་།འཐུང་བ།སྨད་འཚོང་མ་ཉོ་བ།རྒྱན་པོ་འགྱེད་པ་རྣམས་ལོངས་སྤྱོད་ཅིག་ཏུ་བརྩི་བའི་མི་དེས་འཇིག་རྟེན་ཆོས་བརྒྱད་དེ་མཐོན་པོ་ཞིག་ཏུ་བརྩི་བ་དང་།ཉིན་རྟག་པར་གོང་དུ་འཛེགས་ཐབས་ལ་བསམ་མནོ་བཏང་ནས་འཇིགས་སྐྲག་ངང་དུ་ལྐོག་རྔན་ལེན་པ་མ་ཟད།རང་ཚུགས་གཏན་ནས་མེད་པའི་ངང་ནས་དཔོན་པོའི་གོ་ས་རྙེད་ཐབས་ལ་བརྩོན་པས་རུལ་སུངས་ལ་ངོ་རྒོལ་རྡུང་རྡེག་གི་བྱ་བ་སྤེལ་དུས།སྒྲིག་ལམ་ལ་ལྟ་སྐུལ་བྱེད་པའི་ལས་ཁུངས་དང་མི་དམངས་ཀྱིས་ཐེར་འདོན་བྱེད་པར་སྐྲག་པ་དང་ཐ་ན་ཉེན་རྟོག་པའི་རླངས་འཁོར་ཙམ་མཐོང་ན་སྐྲག་འདར་བྱེད་པས་ནམ་རྒྱུན་དངངས་སྐྲག་གི་འཇིག་རྟེན་ཏུ་འདར་སིག་སིག་གི་འཚོ་བ་རོལ་གྱིན་ཡོད།

   དགུ་ནི་"ངོ་མི་ཆོད་པའི་འབྲེལ་བ་སྣ་ཚོགས་"ཀྱི་སྐོར།

   དཔོན་པོའི་གོ་གནས་ཐོབ་རྗེས།སློབ་གྲོགས་རྙིང་པ་དང་ལས་རོགས་རྙིང་པ་སོགས་རང་ལ་འབྲེལ་བ་ཡོད་པའི་མི་རྣམས་ཀྱིས་ཁྱོད་ལ་རེ་བ་སྣ་ཚོགས་བཅངས་བས་རོགས་རམ་མི་བྱེད་ག་མེད་དུ་བྱུང་བ་དང་རོགས་བྱེད་ན་ཉེན་ཁ་འབྱུང་བས་"ངོ་མི་ཆོད་པའི་འབྲེལ་བ་སྣ་ཚོགས་"ཀྱིས་ཁྱོད་ལ་ཅི་བྱ་བརྟོལ་མེད་དུ་གཏོང་སྲིད།

   བཅུ་ནི་"ལྐོག་མདའ་ལ་གཡོལ་དཀའ་"བའི་སྐོར།

   དཔོན་པོའི་གོ་གནས་རྙེད་རྗེས།དངོས་རྫས་མཁོ་ན་རྒྱུའི་རྔམ་པ་སྟེར་བ་དང་།འོག་མས་ཞུ་བ་འཐེན་སྐབས་རྒྱུ་ནོར་གྱིས་"དྲིན་ལན་གསབ་པ་"མ་ཟད།གོ་གནས་ཇེ་མཐོ་དང་བསྟུན་ནས་ཁྱོད་ལ་ལྟ་སྐུལ་བྱེད་ཕོད་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དང་།ཐུག་ཕྲད་བྱེད་མཁན་ཇེ་མང་དུ་གྱུར་བས་ཁྱོད་ལ་རེ་བ་བཅངས་མཁན་ནི་ཇེ་མང་དུ་གྱུར་བ་དང་བསྟུན་ནས་ཁྱོད་རུལ་སུངས་དུ་གྱུར་སླ་བའང་ཡོད།།


  • ལེ་ཚན་སྔོན་མ།:སྤྲོ་འཆམ།
  • ལེ་ཚན་རྗེས་མ།:ང་རང་ཆེས་སྐྲག་ས་ནི་དུས་ཚོད་ཀྱི་ཐག་སྒྲ་རེད།