སྤྲོ་འཆམ།

འཇམ་དབྱངས་སྒྲོལ་མ།        2018-12-26

    དབྱར་གྱི་དུས་ཚིགས་ནི་ཉི་འོད་བཞིན་འཇམ་ཞིང་མཉེན། ཟླ་འོད་བཞིན་བསིལ་ཞིང་གྲང་། སྐར་ཚོགས་བཞིན་རྣམ་པར་བཀྲ། དབྱར་ཁའི་ཆར་བ་འབབ་ཐེངས་རེ་ལ། ངས་སྤང་རི་དང་ཆུ་ཕྲན་གྱི་འགྲམ་ན་ཞྭ་སླ་མེ་ཏོག་འཐུ་ནས་ཞྭ་སླ་བ་དྲན་ཡོང་། ངས་དགེ་རྒན་གྱིས་བསྲེག་པའི་ཞོག་ཁོག་ཚོས་མ་རེ་འཕྲོག་རེས་བྱས་པ་དྲན་ཡོང་། དེ་དག་ནི་ཕྱིར་དྲན་གྱི་མེ་ཏོག་ཆུན་པོ་ཞིག་སྟེ། དེའི་མཛེས་སྡུག་ནི་ངའི་སེམས་པའི་གཏིང་རིམ་དུ་ཉར་ནས་ཡུན་རིང་འགོར་ཡོད། 

    དབྱར་ཁའི་གཟའ་ཉི་མ་ཞིག་གི་ཕྱི་དྲོར། ང་དང་སློབ་ཆུང་གི་སློབ་གྲོགས་ཚོས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་མཉམ་དུ་སྤྲོ་འཆམ་འགྲོ་བར་གྲོས་མཐུན་བྱུང་། ང་ཚོ་ལ་སྡོམས་པས་མི་བཅུ་གསུམ་ཡོད། མི་གསུམ་མ་གཏོགས་ཚང་མ་ལྷན་འཛོམས་བྱུང་ཡོད། ལས་དབང་ཟེར་བ་དེ་རང་རང་གི་དཔྲལ་བའི་རི་མོ་རེད། ང་ཚོ་ནི་ཡུན་རིང་ལ་མ་འཕྲད་པའི་མ་བུ་བཞིན་ཕན་ཚུན་འདང་བརྩེ་ཟབ་མོ་ཡོད། གནམ་ངོ་རིམ་གྱིས་དྭངས་ཤིང་ཆར་བ་དྭངས་སོང་ལ། ཆར་རྗེས་ཀྱི་ཕ་ཡུལ་ནི་ལྷག་ཏུ་མཛེས། འཇའ་ཚོན་འོག་གི་མཛེས་སྡུག་དེ་འཆད་མི་ཤེས། ངས་རྒྱབ་ཁུག་ནག་པོ་ཞིག་ཁུར་ནས་རླངས་འཁོར་ལས་འབབ་མ་ཐག་གདོང་ལ་སྨ་རས་གང་ཞིང་མིག་ཤེལ་གྱོན་པའི་གསར་བུ་ཞིག་གིས་ངའི་ལག་པ་འཇུས་ནས་ང་ལ་ཁམས་བདེ་དྲིས། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་ངས་ཁོ་བོ་ངོ་ཤེས་མ་ཐུབ། ངས་ཤེས་མདོག་བྱས་ནས་ཕྱིར་ལ་ཁམས་བདེ་དྲིས་མོད། སློབ་གྲོགས་ཚང་མ་དུས་ལྟར་ཆད་ལྷག་མེད་པར་འདུ་འཛོམས་བྱུང་། དེ་ནི་ང་ཚོས་ཡུན་རིང་ཞིག་ལ་རྨི་ལམ་བཞིན་རེ་སྒུག་བྱ་བའི་དོན་ཞིག་སྟེ། རྒྱུ་མཚན་ནི་སློབ་ཆུང་གི་འཚོ་བ་དང་ལོ་ཟླས་ང་ཚོ་ལ་བདེ་སྐྱིད་རྐྱང་བའི་གཞས་ཁྱིམ་ཞིག་བསྐྲུན་མྱོང་བས་སོ།།
    སྔོན་གྱི་བྱིས་པ་སྣབས་ལུག་དག་ད་ལྟ་ཚང་མ་ལང་ཚོ་དར་ལ་བབས་ཤིང་རང་རང་གི་བསམ་བློ་དང་སྙིང་རུས་ཡོད་པའི་གཞོན་ནུ་དག་དག་གྱུར་འདུག་ལ། ལ་ལ་ནི་ལས་བྱེད་པ་དང་། ལ་ལ་ནི་གྲྭ་བ་བྱས་འདུག་ཅིང་། ལ་ལས་ཕ་མའི་མིང་བྱང་ཁུར་ནས་བུ་ཕྲུག་གི་ཆེད་དུ་འབད་པ་དང་། ལ་ལ་ནི་ཚོང་བ་རེད་འདུག ཐོག་མར་འཕྲད་སྐབས་ངོའང་མི་ཤེས་པའི་འགྱུར་བ་བྱུང་འདུག སྐབས་དེར་ངས་མི་ཞིག་གི་འཕོ་འགྱུར་དེ་མཐོང་ལ་སྣ་མང་གི་འཇིག་རྟེན་ཆུང་ཆུང་ཞིག་ཡང་མཐོང་བྱུང་། ང་ཚོ་ནི་སློབ་མ་གཞན་དང་བསྡུར་ན་མི་འདྲ་ས་ཞིག་ཡོད་པ་ནི། ང་ཚོ་སློབ་གྲོགས་ཀྱི་མཛའ་བརྩེ་དེའི་ཆེད་དུ་བར་ཐག་དང་དཀའ་ཁག་ཅི་འདྲ་ཞིག་འཕྲད་རུང་ལྷན་འཛོམས་བྱུང་བར་སྤྲོ་བ་འཕེལ་ཞིང་། ཆུང་གྲོགས་དག་དང་དབྱར་གཞུང་གི་མཛེས་སྡུག་རོལ་བའི་སེམས་པ་དྭངས།


  • ལེ་ཚན་སྔོན་མ།:ང་རང་ཆེས་སྐྲག་ས་ནི་དུས་ཚོད་ཀྱི་ཐག་སྒྲ་རེད།
  • ལེ་ཚན་རྗེས་མ།:དཔོན་པོ་བྱེད་པའི་དུས་ཀྱི་དཀའ་བ་བཅུ།