ཆང་གཞས།

        2018-12-14

ཆང་གཞས།

ཆང་གཞས།

(༡)

མཆོད་ཆང་སྦྲང་རྩིའི་ཉིང་ཁུ། །

སྟེང་ཕྱོགས་ལྷ་ལའང་མི་འདུག །

ཞལ་གདམ་གནང་བ་ཙམ་གྱིས།

ང་སེམས་རེ་བ་གྲུབ་སོང་། །

དགའ་དགའ་སྤྲོ་སྤྲོ་གནང་དང་། །

སྐྱིད་པའི་རྩ་བ་ཚུགས་སོང་། །

མཆོད་ཆང་དངུལ་ཕོར་འདི་ལ། །

སྨོན་ཚིག་ལན་གསུམ་བསྒྲོན་ཡོད། །

ཞལ་གང་གནང་བ་ཙམ་གྱིས། །

རེ་བའི་འབྲས་བུ་སྨིན་སོང་།

དགའ་དགའ་སྤྲོ་སྤྲོ་གནང་དང་། །

སྐྱིད་པའི་རྩ་བ་ཚུགས་སོང་། །


(༢)

ཐག་རིང་རྒྱང་ནས་ཕེབས་པའི།

མི་བཟང་གསེར་གྱི་མགྲོན་པོ།

ཁང་བཟང་སྐྱིད་པའི་ནང་ལ།

མཆོད་ཆང་བཞེས་པར་ཕེབས་ཤོག

དཀར་མོ་ནས་ལས་བཙོས་པའི།

ཞིམ་པའི་མཆོད་ཆང་མངར་མོ།

མིག་གིས་བལྟས་པ་ཙམ་གྱིས།

སེམས་པའི་སྡུག་བསྔལ་བསངས་སོང་།

ཆང་དེ་སླ་པོ་མ་རེད།

ང་ནི་སླ་པོས་བཟི་སོང་།

ཁྱེད་ལ་མཆོད་རྩལ་ཡོད་ན།

རྫ་མ་མགོ་ལ་གོན་ཞིག

ཆང་ཞིག་མི་འཐུང་ཟེར་བ།

ཁ་ཡི་མཛེས་བཟོ་ཡིན་འགྲོ།

རྒྱ་མཚོ་ཁ་ལ་རེག་ན།

འཐུང་ལ་ཤག་ཤག་ཡིན་འགྲོ།

གཞས་དང་ཞབས་བྲོའི་ཕྱོགས་ལ།

རྒྱག་རྒྱུ་མེད་པ་མ་རེད།

ལུང་པ་ཆང་ས་ཆེ་བས།

ཞབས་བྲོའི་བང་མཛོད་འདྲ་ཡོད།

དྲིན་ཆེན་ཨ་མས་བཏང་པའི།

ཆང་གཞས་མགྲིན་གསང་མཐོན་པོ།

རང་སེམས་སྐྱིད་ནས་བཏང་པས།

ལྷན་རྒྱས་སྙན་དུ་གསོལ་ལོ།།


  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།