ཀ་རྩོམ་སྨན་གྱི་ལྗོན་ཤིང་།

སྟག་རིག་འབྲུག་ཐར།        2018-12-14

ཀ་ཁའི་མགོ་རྔ་ཨེན་ཙམ་ཀློག་ཤེས་རང་རློམ་ཆུ་ཁའི་ལྦུ་ལྟར་འཕྱོ།།

ཁ་ཕོ་སྒྲོག་འདོད་དལ་མེད་མཆུ་འདབ་ངན་ཇུས་ཐབས་ཀྱི་སྣེ་ལ་འཇུ།།

ག་ལེར་བསམ་ན་གནོད་པའི་རྒྱུ་ལས་རང་གཞན་གཉིས་ཀ་ཕུང་དུ་དཀྲུག།

ང་དམོད་མ་ཤོད་མཐུན་པའི་གྲོགས་ལ་ཞེན་སྐུལ་བདུད་རྩིའི་ཡོན་ཆབ་འབེབས།།

ཅ་ཅོའི་འུར་ཟིང་སྒྲོག་རྒྱུར་གོམས་ལོབས་ལང་ཤོར་སྤྱོད་ངན་དོར་དང་ལྷན།།

ཆ་འཕྲིན་ལག་རྩལ་འཕེལ་མྱུར་དུས་ལ་དཔའ་གདེངས་དང་བཅས་འགྲན་རྒྱུག་གྱིས།།

ཇ་ཡུན་ཙམ་ཡང་འཕྲོ་བརླག་མ་གཏོང་མ་འོངས་མདུན་ལམ་རྙེད་སླད་དུ།།

ཉ་མོ་ཆུ་འདྲེས་ཤེས་ཡོན་མཐའ་དག་བློ་དང་རིག་པས་རྩལ་གྱིས་འདྲེན།།

ཏ་ལེན་སྣོད་ལ་རིན་ཆེན་ཤེས་བྱའི་འབྲས་བཟང་གཏམས་ལྟར་གཡང་དུ་ཆགས།།

ཐ་མ་རྒྱལ་ཁའི་དཔའ་དར་རིང་མོ་མཐོ་རུ་བསྒྲེངས་ཏེ་དགའ་འབོད་གཡོ།།

ད་གཟོད་སེམས་ཀྱི་ལྡེབས་ངོར་མཛེས་པའི་ཁ་དོག་སྣ་ལྔའི་འཇའ་ཚོན་རྟག།

ན་ཚོད་ཕྲ་བའི་གཞོན་ནུ་ཚོགས་ཀྱིས་མ་བརྗེད་མ་བསྐྱུར་སེམས་ཀྱི་མཚོ་མོའི་གྲོགས་སུ་སྦྲོན།།

པ་ཏྲའི་རིས་བསྣོལ་སྤྱི་ཚོགས་འཕེལ་འགྱུར་འཇིག་རྟེན་སྲིད་པའི་ཁམས་འདི་རུ།།

ཕ་མེས་ལས་སྤེལ་བཅུ་ཕྲག་རིག་གཞུང་གཏིང་དཔག་དཀའ་བའི་རྒྱ་མཚོའི་ཁྱོན།།

བ་ཚྭའི་དྲི་བྲལ་ལྷད་མེད་ཡོན་ཏན་རིན་ཆེན་ནོར་བུའི་གཏེར་མཛོད་ལ།།

མ་ཧད་མ་འཁུམ་བརྩོན་པའི་ལྕགས་དབྱུག་བརྡར་བའི་མཐའ་མ་རྣོ་ཁབ་དང་།།

ཙ་རིའི་གནས་ལ་ཞབས་པད་བསྒྱུར་བའི་ཞུམ་མེད་དཔའ་སྤོབས་གཟེངས་སུ་སྙོགས།།

ཚ་གྲང་ཁྱད་བསད་སློབ་དཔོན་ཐོན་མིའི་དཀའ་བ་འཇོམས་པའི་ནུས་མཐར་སློབས།།

ཛ་དྲག་བརྩོན་ལེན་རེ་ཞིག་མྱོང་ཡང་མཐའ་མ་གྲུབ་འབྲས་རྒྱ་ཆེར་ཐོབ།།

ཝ་ལེར་ཡིད་ཀྱི་གཏིང་ལ་ཟུངས་དང་ནད་འཇོམས་ཕན་པའི་སྨན་མཆོག་ཉིད།།

ཞྭ་མོ་ཟུར་གྱོན་སྐྲ་ཚོན་བསྒྱུར་མཁན་ཐ་ཤལ་སྤྱོད་ངན་ཁ་ཅིག་མིས།།

ཟ་མའི་བཟང་ངན་གྱོན་པའི་ཡག་བཙོག་རྒྱུན་པར་གླེང་གཞིའི་རྩེར་བཟུང་ན།།

འ་ཅག་གངས་ལྗོངས་མ་འོངས་འཕེལ་བར་ཀྱག་ཀྱོག་ལམ་ཕྲན་མང་ཆེ་བས།།

ཡ་ཆུང་སྡུག་གི་སྨུག་སྤྲིན་འཐིབས་ཤིང་མ་ཆུང་སྐྱོ་བའི་མཆི་མས་རྫི།།

ར་རིའི་དྲི་ངན་རིང་དུ་དོར་ཏེ་སྐྱོན་ངན་དག་ཐེར་བྱེད་པའི་བློ།།

ལ་ཤས་སེམས་སུ་དམ་པོར་བརྐོས་ནས་ཡ་རབས་སྤྱོད་བཟང་འདྲིས་ཤིང་མངའ།།

ཤ་ཚའི་སྙིང་ལ་རུས་པ་འཆག་པས་ཁྱེད་ཀྱི་འཕྲིན་ལས་རླབས་པོ་ཆེ།།

ས་སྟེང་འདི་ན་བ་དན་དགུང་དུ་ལྷབ་ལྷུབ་བསྐྱོད་དང་ཇི་འདྲའི་མཚུངས།།

ཧ་ཧ་སླ་མོའི་སྐུལ་ཅག་ཚ་བོ་ཕན་རེ་སེམས་ན་དང་དུ་ལོངས།།

ཨ་མའི་བུ་ཆུང་བློ་རྒོད་རིག་རྒོད་ཁ་ཡག་མ་ཡིན་དྲང་གཏམ་ཉིད།།


  • ལེ་ཚན་སྔོན་མ།:དྲན་པར་ཁེན་པའི་རྟོག་འགྱུ།
  • ལེ་ཚན་རྗེས་མ།:གདུང་བའི་མཚོ་མོར་ཞུགས་པ།