དྲན་པར་ཁེན་པའི་རྟོག་འགྱུ།

གཡུ་ལུང་གཡུང་དྲུང་འབུམ།        2018-12-14

སྐྱེ་བ་འདིར་ཁྱེད་རང་མི་མང་བོར་འཕྲད་མི་སྲིད་པས།

མི་ཞིག་ཁྱེད་ཀྱི་འཇིག་རྟེན་དུ་འཛུལ་ཟིན་པ་ནས།

མི་དེ་ཁྱེད་ཀྱི་དྲན་ངོས་ནས་གསུབ་པའམ།

ཁྱེད་ཀྱི་མིག་ལམ་ནས་བོར་བ་དེ།

གློ་བུར་གློ་བུར་དུ་ག་ཤེད་ཅིག་ནས་འཕྲད་པའི་

མཛེས་སྡུག་གི་མེ་ཏོག་དེ་དག་ལ།

རྡོག་རྫིས་ཀྱིས་བརྡབ་གསིག་གཏོང་བ་དང་འདྲ་བར།

གདུག་རྩུབ་དང་འཇིགས་སུ་རུང་བ་ཞིག་ཅི་ལ་མིན།


མག་མོག རབ་རིབ།

ཉིན་གཅིག་གི་ཆེས་མཐའ་མཚམས་ཀྱི་ས་སྲོད་དུ།

རླུང་བུ་གཡུག་བྱུང་།གཙང་བོ་བཞུར་སོང་།

ཁྱེད་ཀྱང་དེ་ལྟར་ཤེས་མེད་ཚོར་མེད་ཀྱིས་བཞུད་ཀྱིན་པ།

ངས་ཉི་འོད་ཀྱི་གྲིབ་སོའི་འོག་ནས་ཚོར་སོང་།


འདོད་སྲེད་ཀྱི་མེ་ལྕེ་མཆེད་པའི་སྐབས་དེ་དག་ལ།

ངའི་རྒྱ་ཡན་དུ་གྱུར་བའི་སྙིང་ཁ་ན་ལུད་བཞིན་པ།

རྣག་ཁྲག་དང་དུག་མདའ་མ་ཡིན་པར།

འོ་མ་དང་ཁོ་ཧྥེ་ཡིན་ན།

མེ་ལོང་དུའང་གཟུགས་བརྙན་ཆག་རོ་ཞིག་འཆར་མི་སྲིད།


འཇའ་ཚོན་ལྟ་བུའི་བསླུ་བྲིད་ལ་ཚུད་ཀྱིན་པ།

ང་རང་མ་གཞི་ནས་སྨུག་པའི་ནང་དུ་ལུས་འདུག་པས་ཡིན་ནམ།

ཁྱེད་ཀྱིས་ལག་མཐིལ་ལ་བླངས་ནས་ཅི་ཞིག་གི་

ཁོག་རྩིས་རྒྱག་གིན་ཡོད་པས་ཡིན།

ངས་དངོས་གནས་ཤེས་མ་སོང་།


འོན་ཀྱང་།ང་ནི་འོ་འཐུང་སྲོག་ཆགས་ཤིག་ཡིན་པས།

ངའི་དྲན་ཤེས་འདི་ལ་ཆགས་སྡང་གིས་ཕྱུག་པ་ཇི་བཞིན།

ངའི་བརྗེད་ངེས་འདི་འང་ཉིན་རེ་ནས་ཉིན་རེར་ཇེ་ཐུ་རུ་འགྲོ་བཞིན་འདུག


  • ལེ་ཚན་སྔོན་མ།:དྲིན་ཕ་མ་ཉི་ཟླ་རྙེད་མེད་ཡིན།
  • ལེ་ཚན་རྗེས་མ།:ཀ་རྩོམ་སྨན་གྱི་ལྗོན་ཤིང་།