ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་གནང་བ།

    གངས་ལྗོངས་ཉི་གཞོན་དྲ་བ།    2018-12-13

ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་གནང་བ།

    སྤྱི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་གནང་བ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་བསྣམས་ཏེ་ཚང་མ་དང་མཉམ་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

     ཀོང་ཤིའི་རྒྱལ་སྤྱིའི་ཀྲོང་ལུགས་གསོ་རིག་སྨན་ཁང་ནི་སྨན་བཅོས་དང་སློབ་ཁྲིད་ཚན་ཞིབ། རྒྱལ་སྤྱིའི་སྤེལ་རེས་བཅས་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་རེད། སྤྱི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོ། ཝང་ཡང་དང་བཅས་པ་དེ་གར་ཕེབས་ནས་སྨན་ཁང་འཛུགས་སྐྲུན་དང་། གྲངས་ཉུང་མི་རིགས་ཀྱི་སྨན་རྫས་གོང་འཕེལ་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་དང་། ཁྱད་ལྡན་སྨན་བཅོས་བྱེད་ལུགས་ཐད་ལྟ་ཞིབ་གནང་ནས་ནད་པ་དང་སྨན་དོན་མི་སྣ་དང་མཉམ་དུ་མཛའ་བརྩེའི་སྤེལ་རེས་གནང་ཡོད།

ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་གནང་བ།

     ཁོང་གིས། ཀོང་ཤིའི་ལ་གྲངས་ཉུང་མི་རིགས་ཀྱི་སྨན་རྫས་དང་བདེ་ཐང་ཐོན་ལས་གོང་འཕེལ་གཏོང་བར་དོ་ཟླ་བྲལ་བའི་མཐུན་རྐྱེན་འཛོམས་ཡོད་པས་ཐོན་ཁུངས་ཀྱི་བཟང་ཆ་དང་སྲིད་ཇུས་ཀྱི་བཟང་ཆ་འདོན་སྤེལ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྨན་རྫས་ཀྱིས་མི་དམངས་མང་ཚོགས་ལ་ཕན་བདེ་མང་ཙམ་བསྐྲུན་དགོས་པ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས་ཞེས་གསུངས་གནང་ཡོད།

     དེ་རྗེས། ཝང་ཡང་སོགས་ཧྥོང་ལིང་པེ་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས་ལས་དོན་མི་སྣ་དང་དང་བླངས་པ། སྡེ་ཁུལ་གྱི་གྲོང་མི་བཅས་བར་སྤེལ་རེས་གནང་བ་དང་། སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་ལས་དོན་དང་དམངས་ཕན་ཞབས་ཞུའི་ལས་དོན་བསྒྲུབ་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཁོང་གིས། སྡེ་ཁུལ་ནི་ཏང་དང་སྲིད་གཞུང་གིས་གྲོང་མིར་འབྲེལ་གཏུག་དང་ཞབས་ཞུ་བསྒྲུབ་པའི་གནས་མཐའ་མ་ཡིན་པས་སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་འཛུགས་དགོས་པ་དང་། ཐོན་ཁུངས་ཁག་ལེགས་སྒྲིག་བྱེད་པ། སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་མི་རྣམས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད། ནཱ་ཁའོ་ཆུ་བོའི་འདམ་རའི་སྤྱི་གླིང་དུ་ཕེབས་སྐབས་ཝང་ཡང་སོགས་ནས་ནན་ཉིང་གྲོང་ཁྱེར་གྱི་གྲོང་ཁུལ་ཆུ་བོའི་གནས་སྟངས་དང་། ཆུ་བོ་རྒྱུགས་ཁུལ་བཅོས་སྒྲིག་བྱེད་པའི་ལས་དོན་ཐད་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་ས་ཡུལ་དངོས་ནས་ཆུ་ལམ་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་ལ་ལྟ་ཞིབ་གནང་ཡོད། ཁོང་ནས་ནན་ཉིང་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱས་པར་གདེང་འཇོག་གནང་བ་མ་ཟད་ཁོང་ཚོས་རྒྱལ་ཡོངས་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་རྩ་ཆེའི་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

     ཝང་ཡང་སོགས་ཀྱིས་ད་དུང་ཀོང་ཤིའི་སློབ་ཆེན་དུ་ཕེབས་ནས་སློབ་གྲྭའི་ལོ་རྒྱུས་ཁང་དང་སློབ་གཉེར་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་། སློབ་གྲྭའི་སློབ་ཁྲིད་དང་ཚན་ཞིབ། ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཝང་ཡང་གིས་རང་སྐྱོང་ལྗོངས་ཀྱི་གོང་འཕེལ་དང་མཐོ་སློབ་སློབ་གསོའི་གོང་འཕེལ་གཉིས་གཅིག་རྟེན་གཅིག་རོགས་ཐུབ་པ་བྱེད་དགོས། ཀོང་ཤིའི་སློབ་ཆེན་གྱིས་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་གྱིས་རང་སྐྱོང་ལྗོངས་ཀྱི་འབྱུང་འགྱུར་གོང་འཕེལ་ཁྲོད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་ཞེས་གསུངས་གནང་ཡོད།

   སྤྱི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོ། ཝང་ཡང་སོགས་ནས་ནན་ཉིང་དུ་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་བ་མ་ཟད་ནན་ཉིང་གྲོང་ཁྱེར་གྱིས་ཀོང་ཤིའི་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ལས་བྱེད་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ནན་གྱིས་གསན་རྗེས། ཝང་ཡང་གིས་ནན་ཉིང་ལ་བྱུང་བའི་རླབས་ཆེའི་འགྱུར་ལྡོག་ནི་རང་སྐྱོང་ལྗོངས་ཀྱི་འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུའི་གྲུབ་འབྲས་ཀྱི་བསྡུས་རིས་ལྟ་བུ་ཞིག་རེད་ལ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མི་རིགས་སྲིད་ཇུས་བཟང་པོའི་གྲུབ་འབྲས་ཤིག་རེད། དེ་བས་ཀྱང་མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་བའི་གྲུབ་འབྲས་ཤིག་ཀྱང་རེད་ཅེས་དང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་གི་ལས་བྱེད་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་ལས་དོན་དངོས་སྒྲུབ། ཕུ་ཐུང་བརྫེས་ནས་འབད་འཐབ་བྱེད་པ་བཅས་བྱས་ནས་དུས་རབས་གསར་པའི་ནན་ཉིང་གོང་འཕེལ་གྱི་སྙན་རྩོམ་གསར་པ་རྩོམ་དགོས་ཞེས་གསུངས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སི་ཁྲོན་དུ་རྣམ་གྲངས་གལ་ཆེན་ཁག་གཅིག་གཅིག་སྡུད་ལས་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6900ཙམ་བཏང་བ།
  • ལེ་ཚན་རྗེས་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།