སེམས་པའི་བཞུར་རྒྱུན།༼ཞར་བཀོད་གཅིག༽

བཙན་མི།གཡུ་ལུང་གཡུང་དྲུང་འབུམ།        2018-12-12

འཇིག་རྟེན་ལུང་པར་སྨུག་པ་ལང་ལོང་འཐིབས།།

མི་རྣམས་མགོ་ཡུ་འཁོར་ནས་འགྱེལ་ལ་ཁད།།

ལ་ལས་ལག་པ་བསྒྲེངས་ཤིང་ཀི་འབོད་སྒྲོག།

ལས་ཀྱི་རླུང་བུ་ད་དུང་མ་ལྡང་ཞེས།།

འཁང་རའི་མིག་ཆུའི་ཆར་བའི་ཟོལ་དུ་འབབ།།

ལ་ལ་པིར་གྱིས་མ་བྲིས་ཚོན་གྱིས་ཀྱང་།།

མ་བྱུགས་རང་བྱུང་རི་མོའི་མདངས་གསལ་ཞིང།།

ལོ་ཟླས་མ་འཇིག་ལྡེབས་རིས་རྙིང་བ་ལྟར།།

ཕྱོགས་ཀྱི་མགྲོན་པོའི་མིག་གི་དཔལ་དུ་གྱུར།།

ཡིན་ཡང་མཛའ་བརྩེའི་དཀར་མེ་མེ་སྦར་ནས།།

རྙིང་ཀྱིན་རྙིང་ཀྱིན་འཁྲེང་ཞིང་ཞེན་པ་ཡི།།

ཕྱི་ཐག་སྦྲ་ནག་འདྲ་བ་སུ་ལ་མཆིས།།

དུངས་སེམས་རྣལ་མ་གོར་མོ་རྡོར་བརྐོས་ནས།།

འགོར་གྱིན་འགོར་གྱིན་རྗེས་ཤུལ་གསལ་བ་ཡི།།

མི་འགྱུར་རྡོ་རྗེའི་དམ་ཚིག་སུས་དཔར་ནུས།།


བྱང་ཁོག་སྟོད་ཀྱི་སྙིང་ཆུང་གཅེར་བུར་ཕུད།།

དྲན་པའི་རྒྱུན་ལ་གཡར་དམ་གཙང་མ་བསྲུངས།།

ཆོ་མེད་འཚོ་བའི་རབ་ཁ་དོག་པོ་འདིར།།

རྒྱང་བཞུད་གྲུ་གཟིངས་ཤིག་ལ་སྒུག་བྱས་ཀྱང་།།

ཆིག་ལབ་ལྟ་བུའི་ཆིལ་ཆིལ་རླབས་ཕྲེང་གིས།།

ཁུ་སིམ་བརྟོལ་ནས་ཤ་གསེང་རུས་གསེང་དུ།།

ཙག་ཤད་རྒྱུག་པའི་འཕྲིན་གྱི་ཕོ་ཉ་སླེབས།།

དེ་དུས་ཁོང་ཆུད་ཡི་མུག་སྐྱེས་པ་དང་།།

ངལ་དུབ་དབུགས་རིང་ཡང་ཡང་ཤོར་བ་དང་།།

སྡང་སེམས་སྡིག་དམོད་ཅི་ལྟར་བྱས་ནའང་།།

ཀ་ར་འཇིབ་པའི་བྱིས་པ་ཇི་བཞིན་དུ།།

འུ་གཉིས་སྔར་བཞིན་སྟོན་ལོ་སེར་བོ་ལྟར།།

ཁྲེལ་བག་འཛེམ་དོགས་ཅི་ཡང་མེད་པར་ནི།།

ལྷབ་ལྷུབ་ངང་ནས་འཛུམ་གྱི་ཉི་མ་དགོད།།


སྨག་རུམ་འཐིབས་པའི་ལོ་དང་ཟླ་བ་ལ།།

འཕྲལ་གྱི་གེགས་བར་བན་བུན་ལྡང་ནའང་།།

མིག་ཟུང་མ་ལྡོངས་འོད་ཀྱི་ལམ་ཆེན་དུ།།

གོམ་པ་སྤོ་བར་བརྩོན་ཞིང་ཉེར་བསྡོགས་རྩོམ།།


ཧའོ་མེན་གྱི་ཚབ་ཏུ་བྲིས་པ།


འདི་ནས་ཚེ་རབས་དུ་མའི་ཕ་རོལ་དུ།།

ལས་སྨོན་རི་མོ་མཉམ་དུ་བྲིས་པ་ཡིས།།

མི་ཚོགས་གྲོག་མའི་ཚང་བཞིན་ལུད་ནའང་།།

ང་ཡི་སྙིང་གའི་དབུས་སུ་ཆུ་ལྟར་འཐིམས།།


ནངས་མོ་བྱ་ཕོ་གྲག་གྲག་ཞོགས་བརྡ་སྟེ།།

ང་ཡི་རྣ་བའི་དྲུང་དུ་ཡང་ཡང་བསླེབས།

དགོང་མོ་སྒོ་ཁྱི་ཟུག་ཟུག་མེལ་ཚེ་སྟེ།།

ད་དུང་ཀླད་པའི་ནང་ན་སྒྲ་ཞིག་འཁོར།།

ཉིན་མཚན་ལས་ཀའི་རྔུལ་ཆུ་བཏོན་ནའང་།།

འགྲོ་ཞོར་འདུག་ཞོར་ཁབ་གཙག་འབིགས་གཙག་བྱེད།།

དཀར་ནག་གོ་ལྡོག་བགྱི་བའི་ལས་དེ་ལ།།

རྣམ་དབྱེ་གསལ་བའི་ཁོ་བོས་མིག་ཟུང་ཕྱེས།།


ཐོག་མའི་ཐུག་འཕྲད་དེར་ཡང་ཁྱེད་རང་ནི།།

སྐྱ་ཞིང་ཐག་པའི་གདོང་ལ་མྱ་ངན་འཐིབས།།

ག་ལེར་སོང་ཡང་རྫུ་བག་སྡོམ་རྒྱ་ལས།།

དགོད་འཛུམ་གད་མོའི་ཧབ་ཆ་ཅི་ཡང་རྒྱག།


གཙང་བོའི་བཞུར་རྒྱུན་ལྷོད་ཅིང་དྭངས་ནའང་།།

རང་གཟུགས་ངོ་མ་སྲིན་འབུའི་ཕུང་བོ་ཉིད།།

ཁྱེད་རང་དེ་ལྟར་ཞི་ཞིང་འཇམ་ནའང་།།

ཚུལ་འཆོས་རང་བཞིན་དེ་ལ་ལྡོག་ཐབས་ཅི།།


བརྩེ་དུངས་ཟེར་བ་ཡུལ་དུས་ཁྱད་མེད་ཅིང་།།

དབུལ་ཕྱུག་གྲལ་རིམ་ངོ་སོ་དེ་བས་ཀྱང་།།

འཛོམས་ཆད་ཅིག་ནས་ཕན་ཚུན་འཁྲེང་བ་ཡི།།

སེམས་ཀྱི་གསང་བ་ཁོ་མོའི་སེམས་སུ་ཞོགས།།

སྐར་ཆ་གཅིག་ལའང་འབྲལ་བར་མི་འདོད་པར།།

རྒྱུ་མེད་རྐྱེན་མེད་ཕན་ཚུན་དུངས་པ་ཡི།།

བློས་གཏོང་ཐུབ་པའི་བསམ་བློ་རླབས་ཆེན་ཞིག།

དེ་དུས་མཉམ་དུ་བསྡད་ཅིང་བློང་བློང་བར།།

སེམས་ནས་སྟ་གོན་ཅི་ལྟར་བྱས་ནའང་།།

མིད་པར་འགག་ནས་སྨྲ་ལྕེ་འཁྲོལ་བར་དཀའ།།

གློ་བུར་ཅི་ཞིག་སྨྲས་ཀྱང་སྨན་ཐུན་བཞིན།།

འུ་གཉིས་འཚབ་པའི་ནད་ཀྱང་གྲོལ་འགྲོའོ།།


སྡུག་གི་བྱུང་བ་མོད་ཅིང་ངལ་དུབ་ཀྱི།།

མི་ལོ་བཅུ་ཡི་ལོ་ཟླ་ཕར་ལ་བཞུད།།

སྐྱིད་ཀྱི་བརྗོད་པའི་དབུ་ཁྱུད་བྲིས་པ་ནས།།

ཁྱེད་ཀྱི་གཟུགས་བྱད་འཛུམ་མདངས་ཇེ་ཡག་རེད།།

ཕྱི་ཐག་སྲད་བུ་འཁེལ་བ་ཇེ་རིང་རེད།།

ཁྲེལ་གཞུང་ལུག་ཁྱུ་འཚོས་པ་ཇེ་མང་རེད།།

ཧའོ་མེན་ནི་ཝེ་ཐེ་ནམ་གྱི་གློག་བརྙན༼ མུ་ཀུབ་སྔོན་

པའི་དྲི་བསུང༽ ཞེས་པའི་ནང་གི་མའེ་ཞེས་པའི་བུད་མེད་གཡོག་མོ་དེར་དགའ་ཞིང་ཕྱིས་སུ་མཐུན་སོང་བའི་མི་སྣ་དེའོ།།


  • ལེ་ཚན་སྔོན་མ།:ནོར་འཁྲུལ། ནོར་འཁྲུལ།
  • ལེ་ཚན་རྗེས་མ།:དྲན་པའི་རྒྱ་རུ་བཞུགས་པའི་ཆུང་འདྲིས།