ང་དང་འདྲ་བའི་ཆོས་པ་ཨེ་ཡོད།

ཤེལ་དཀར་པོ།        2018-12-10

སྤྱོད་པ་བྱང་ཆུབ་ཀྱི་ཚུལ་དུ་འཛིན་ཡོད།།

སེམས་པས་ཚུལ་འཆོས་ཀྱི་འདྲ་འབག་གྱོན་ཡོད།།

ལུས་སེམས་གནམ་ས་ཡི་བར་ཐག་ཆོད་པའི།།

ཆོས་པའི་ཐལ་མོ་དེ་སྙིང་ཁར་སྦྱར་ཡོད།།


མ་ཎི་ཡིག་དྲུག་དེ་ངག་ནས་དཀྲོལ་ཡོད།།

ལག་པའི་འཁོར་ལོ་དེ་ཉམས་ཀྱིས་བསྐོར་ཡོད།།

ཡིད་སེམས་རྒྱ་ལྕང་གི་ལོ་མ་སེར་པོ།།

འཇིག་རྟེན་ཆོས་བརྒྱད་ཀྱི་རླུང་ལ་སྤུར་ཡོད།།


ཐུན་བཞིའི་རྣམ་འབྱོར་དེ་འཁྲུལ་བས་སྐྱོང་ཡོད།།

འབུམ་ལྔའི་གྲངས་ཀ་དེ་གཡེང་བས་གསོག་ཡོད།།

ཡུན་རིང་དཀྱིལ་ཀྲུང་དེས་པུས་མོར་རྡེག་དུས།།

ངལ་བ་ལྕི་མོ་ཞིག་སེམས་སུ་མྱངས་ཡོད།།


སྙིགས་མ་ལྔ་བདོ་ཡི་དུས་དམན་ཚེས་ཡོད།།

རྣམ་རྟོག་སེམས་བྱུང་གི་འདུ་འཛི་འཕེལ་ཡོད།།

དགའ་སྡུག་འགག་འཕྲང་གི་བཤུལ་མལ་ནང་ནས།།

སྙིང་རྗེའི་མིག་ཟུང་དེ་ཀེམ་ཀེམ་འགུལ་ཡོད།།


དབེན་པའི་བྲག་རི་ཡི་སྐེད་པར་ལུས་ཡོད།།

དུག་གསུམ་རྒྱུ་བ་དེ་ཡོལ་བས་སྒྲིབ་ཡོད།།

རྒྱུ་དང་འབྲས་བུ་ཡིས་རང་གཟུགས་སྟོན་དུས།།

མིག་ཆུ་འཛར་བ་ཡི་ཆོས་པ་ཨེ་ཡོད།།


  • ལེ་ཚན་སྔོན་མ།:ང་དང་ཁྱོད་ཀྱི་འཇིག་རྟེན་གྲུ་བཞི།
  • ལེ་ཚན་རྗེས་མ།:རྒྱུགས་རྟོག་པའི་དོགས་སློང་།