ང་དང་ཁྱོད་ཀྱི་འཇིག་རྟེན་གྲུ་བཞི།

ན་ཟུག        2018-12-10

ནམ་མཁའི་མཐོངས་སུ་ཉི་མས་རྩེ་སྐོར་རྒྱག །

དེ་ཚེ་སྤྲིན་པའི་གྲིབ་བསིལ་ཁྱེད་ཡིན་ན། །

ང་ཡི་རྡོག་མགོར་ལས་ཀྱི་ཉི་ཐིག་ཚེས། །

དེ་ཡི་ཚེ་ན་ཁྱེད་རང་མེ་ཏོག་ཅིག །

ཉིན་མཚན་བསྟུད་མར་ཡིད་ལ་བཤམས་པ་ན། །

དཀའ་བ་བརྒྱ་ཡི་ངལ་བའི་རྡོ་བསྲེག་དེར། །

ཆུ་ཐིགས་རྡོག་རེར་འགྲིལ་བ་ནང་བཞིན་དུ། །

མཆིན་པའི་ཉིན་སྲིབ་དག་ཏུ་ཚོར་བ་འགུལ། །

མི་ནི་གཤིས་རྒྱུད་ཡག་པ་བདེན་པ་བས། །

བྱམས་པ་ཉེ་བོའི་གཤིས་རྒྱུད་ཡག་ན་སྙམ། །

ཚད་འཛིན་ཐ་གུ་སྒྲིལ་བའི་དཀྱིལ་རྟགས་སུ། །

མི་འགྱུར་དགུ་མདུད་ཁྲ་བོ་མཛེས་སོང་ཨང་། །

ལ་ཁའི་ཤ་ཕོ་སྨྲེང་བཞིན་རྒྱུག་པ་ན། །

རྩྭ་ཆུ་བདག་མེད་ལ་ཡང་བདག་པོ་ཐོབ། །

བརྩེ་བ་ཡུ་མོ་སྐོམ་གྱིས་གདུང་ན་ཡང་། །

ང་ནི་རྔོན་པ་འདྲ་བོའི་ཚུགས་ཀ་དོད། །

ཕར་གའི་སྣང་ངོའི་ཉམས་དེ་ང་ཡི་འཛུམ། །

ཚུར་གའི་ཞེན་པ་གསོན་པོ་ཁྱོད་ཀྱི་མདངས། །

ཕན་ཚུན་བསྣོལ་བའི་འཛུམ་མདངས་ཡལ་མེད་དེ། །

ང་དང་ཁྱོད་ཀྱི་འཇིན་རྟེན་གྲུ་བཞི་ཡིན། །

རུས་པའི་གཏིང་ན་འགུལ་བའི་ན་ཟུག་མ། །

མི་ཁའི་རླུང་དམར་ཕྱགས་འགྲོ་སྙམ་པ་ན། །

ང་ཡི་སྐྱེ་བ་འདི་ཙམ་མ་ཡིན་པར། །

སྔོན་མའི་ཡར་སྔོན་སྐྱེ་བ་དྲན་དུ་བཅུག །

མུན་པ་རུབ་མཚམས་དུས་སུའང་ཁྱོད་མཐོང་བ། །

ང་ཉིད་དེ་དུས་འུག་པའི་སྐྱེ་བ་བཞེས། །

དེ་དུས་ཙ་ན་ང་ལ་གྲོགས་མེད་པས། །

ཁྱེད་ཉིད་ང་ཡི་གམ་དུ་བཅར་བར་ཤོག །

རྣམ་ཤེས་རྟ་ཕོ་ལྷོད་ཀྱིས་རྒྱུག་པ་ན། །

ཁྱེད་ཀྱི་ལུས་སེམས་སྤང་ཐང་བཞིན་དུ་ཡངས། །

ཉི་འོད་ཆར་ཟིལ་རེས་མོར་འཆར་བ་ན། །

ཁྱོད་དང་ང་ཡི་དབྱར་ཁ་གསར་དུ་ཚེས། །

ལུང་པའི་ཕུ་མདའི་གཡས་ལུང་གོང་མ་ན། །

འུ་ཉིས་གྱེར་བའི་ལ་གཞས་བྲག་ཆས་མགུར། །

ང་ཡི་རྣ་བས་ཉན་འགྲོ་བསམ་པ་ན། །

དུས་ཚིགས་འདི་ཉིད་སྟབས་ཀ་མ་འགྲིག་སོང་། །


  • ལེ་ཚན་སྔོན་མ།:ཨ་མ་སེམས་ཀྱི་རྒྱབ་རི་ཡིན།
  • ལེ་ཚན་རྗེས་མ།:ང་དང་འདྲ་བའི་ཆོས་པ་ཨེ་ཡོད།