ཐང་བོད་གནའ་ལམ་གྱི་རིག་དངོས་འགྲེམས་སྟོན་མཚོ་སྔོན་དུ་སྤེལ་བ།

        2018-12-10

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ12པའི་ཚེས2ཉིན་འབྱོར་བའི་གཏམ་གསར། སྤྱི་ཟླ11པའི་ཚེས30ཉིན། 《ཐང་བོད་གནའ་ལམ——ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་རིག་དངོས་རྩེ་གྲ་མཉམ་འབྲེལ་འགྲེམས་སྟོན》མཚོ་སྔོན་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་འགོ་ཚུགས་པ་རེད།

    མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་ལ་མཚོ་སྔོན་དང་། ཀན་སུའུ། ཧྲའན་ཤིས། ཉིང་ཞ། ཤིན་ཅང་། བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་རིག་དངོས་རྩེ་གྲ200ལྷག་ཙམ་འགྲེམས་སྟོན་བྱས་པ་ལས་ཐང་བོད་གནའ་ལམ་དར་རྒྱས་གོང་འཕེལ་བྱུང་ཚུལ་དང་ལམ་རྒྱུད་ས་ཁུལ་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ལུགས་གསོན་ཉམས་དོད་པོས་མཚོན་ཡོད་པ་རེད།

    “ཐང་བོད་གནའ་ལམ་རྒྱུད་ཀྱི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་གཅིག་ཏུ་བསྡུས་པའི་ད་རེས་ཀྱི་རིག་དངོས་མཉམ་འབྲེལ་འགྲེམས་སྟོན་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཁག་དབར་རིག་དངོས་ཞིབ་འཇུག་ཐད་ཕྱར་བ་གྲུ་འདེགས་བྱེད་ཐེངས་གཅིག་ཡིན་པ་རེད། ང་ཚོས་གནའ་ལམ་གྱི་རིག་གནས་ཀྱི་གཞི་ཁུངས་འདེད་ནས་དར་གོས་འགྲུལ་ལམ་གྱི་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས་འདི་ཉིད་འཛམ་གླིང་གི་རིག་གནས་ཤུལ་བཞག་ནང་འགོད་རྒྱུའི་རེ་འདུན་ཞུ་བའི་ལས་དོན་ལ་འདེགས་སྐྱོར་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཏུང་ཀྲེ་ཆང་གིས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐང་བོད་གནའ་ལམ་ནི་ཀྲུང་གོའི་གྲགས་ཆེའི་གནའ་ལམ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན(ད་ལྟའི་ཧྲའན་ཤིས་ཀྱི་ཤིས་ཨན)ནས་འགོ་ཚུགས་པ་དང་བོད་ཀྱི་ལྷ་ས་བར་ཡིན་པ་དང་། ཁྱོན་རིང་ཚད་སྤྱི་ལེ3000ལྷག་ཙམ་ཡོད་པ། ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས)བརྒལ་བ་བཅས་ཀྱི་ཐང་བོད་གནའ་ལམ་ནི་ཐང་རྒྱལ་རབས་ཚུན་དུ་ཀྲུང་ཡོན་ས་ཁུལ་ནས་མཚོ་སྔོན་དང་། བོད་ལྗོངས། ཐ་ན་ནེ་པ་ལ་དང་རྒྱ་གར་སོགས་སུ་སྐྱོད་སའི་བགྲོད་ལམ་གལ་ཆེན་ཞིག་རེད།


  • ལེ་ཚན་སྔོན་མ།:རྒྱལ་ལམ318ཀྱི་འབྲི་ཆུའི་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་བསྡུས་ཀྱིས་ཉོས་ནས་མང་ཚོགས་ཀྱི་སྨན་རིན་དམའ་རུ་འགྲོ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།