སེམས་ནས་ཟགས་པའི་གཏམ།

གཡང་མཚོ།        2018-12-07

   དགེ་རྒན་ནི་འདས་མ་ད་གསུམ་གྱི་མར་མེ་རྐང་གཅིག་སྟེ། མདུན་དུ་ཕྱོགས་པའི་སྐྱེ་བུ་གང་ལ་འོད་ཀྱི་མཐུན་རྐྱེན་སྩོལ་བའི་སྐྱེས་ཆེན་རམ་འདེགས་པ་ཞིག་ཡིན་པས། སྐྱེ་བུ་འདི་དག་གི་འགན་དུ་བཞེས་པ་ནི་མི་རིགས་ཤིག་གི་ཚེ་སྲོག་དང་མི་ཚེ་ཞིག་གི་རིན་ཐང་ཡིན།

    ང་དང་ཐོག་ཡུལ་ག་གེ་མོ་འདིའི་དགེ་ལས་ལ་ཞུགས་དུས་རི་ཀླུང་སོ་སོ་ནས་བཞུར་ཡོང་བའི་སློབ་བུ་དག་གི་འཛུམ་ཆུང་ཟོལ་མེད་ཀྱི་གསེབ་ནས་རང་གཅེས་དང་རིགས་ཞེན་གྱི་འདུ་ཤེས་འབོར་ཀྱིན་པའི་ཚོར་འདུན་དྲགས་པོ་ཞིག་གིས་སྨྲེང་དུ་བཅུག་པར་མ་ཟད། ད་གཟོད་འདས་སོང་གི་ལོ་ཟླས་བརྩེགས་པའི་འཆར་ཡན་གྱི་དྲན་པར་གཡོ་འགུལ་ཐེངས་ཤིག་བྱེད་དུ་ཤོར། སྔོན་ཆད་ངའི་བྱིས་སེམས་གཙང་མས་མཐོང་བ་ནི་ངོ་ཡས་ནས་ཡོན་ཏན་ཀྱི་ཁྱད་ཆོས་ཁོ་ན་ལས་གཞོགས་གཉིས་ཀྱི་ཉེས་ཆ་མཐོང་ཐོས་སུ་མ་གྱུར་བ་ཡིན་སྲིད་མོད། འོན་ཀྱང་ངའི་ནར་སོན་གྱི་ལམ་ཕྲེང་སོ་སོ་ནས་འཕྲད་པའི་དགེ་རྒན་དག་སྐྱོན་གྱིས་མ་གོས་པའི་གངས་དཀར་ལྷུན་པོའི་མདངས་ལས་ཆད་པའི་ལས་འབྲས་ཀྱིས་གྲུབ་པའི་སྐྱེས་ཆེན་དམ་པ་དག་ཡིན་ན་ལ་ཐང་མེད།རྒྱུ་མཚན་ང་རྨིས་རྗེས་འགྲིམས་མཁན་གྱི་ལས་དབང་ཞིག་ཀ་ཁའི་རྨི་ཐག་ལ་བཅངས་ནས་དཔེ་ཆའི་བདག་པོའམ་ཀ་ཁའི་རྗེས་ཤུལ་ནས་གནའ་དེང་གི་དར་འཕེལ་ལ་སེམས་པའི་བསམ་ཤེས་ཅན་གྱི་གྲས་སུ་བཙུད་པས་སོ།

   དགེ་རྒན་ནི་ནར་མ་སོན་པའི་བྱིས་དུས་ལ་ཀ་ཁའི་ཁ་བཏགས་བསྐོན་དེ་རིག་ལམ་ལ་བསུ་མ་མཛད་མཁན་གྱི་སྣེ་ལེན་པ་ཞིག་ཡིན་ལ། མ་ལོའི་ནུ་ཞོའི་ཚབ་ཏུ་ཤེས་བྱའི་མེ་ཏོག་གི་འོ་ཇ་སྦངས་ནས་སེམས་ཀྱི་དོགས་པ་སེལ་མཁན་གྱི་བྱམས་ལྡན་མ་སྟེ། དྲིན་དང་བུ་ལོན་གང་གིས་རྒྱུ་འབྲས་ཀྱི་ལན་ཆགས་མེད་རུང་ལྷག་བསམ་ཀྱི་རང་གཤིས་དང་འཛུམ་དཀར་གྱི་དུངས་བ་ཞིག་གིས་རྒྱུས་མེད་གྱི་ཡུལ་གྲུ་ནས་ང་དང་དཔེ་ཆའི་བར་ན་བྲེལ་གྱིན་འཇིག་རྟེན་དཀར་ངོས་ཤིག་གི་རྒྱུ་ལམ་སྟོན་མཁས་ཀྱི་བརྩེ་བའི་བདག་ཉིད་ཡིན་པས། ངས་བྱིས་དུས་ནས་གཞོན་པའི་ལང་ཚོ་སྨིན་ཐག་ཆོད་པའི་བར་ཁོ་ཚོའི་བྱ་བྱེད་ལ་སྨོན་ནས་བདག་ཀྱང་རླབས་ཆེན་གྱི་ལས་གནས་འདིར་ཞུགས་པའི་འདུན་པ་བརྟན་པོ་ཞིག་སེམས་ཀྱི་རི་མོར་ཕབ་པ་ཡིན།

     ངས་རི་ཀློང་གྲངས་མེད་ཀྱི་བར་དོ་བརྒལ་ཞིང་གཙང་བོ་རྫོགས་མེད་ཀྱི་རབ་ཁ་བརྒྱུད་དེ་རིག་པའི་རུས་རྐང་དང་བསམ་བློའི་གོ་རྟོགས་འཕེལ་བའི་བདུད་རྩི་ཞིག་གི་ལེགས་སྐྱེས་ཡུལ་གྱི་རྒྱུད་འཛིན་པའམ་རིགས་ཀྱི་རྗེས་རབས་པ་ཚོར་འབུལ་ཆེད་བརྩོན་བརྩོན་མཐར་ཉིན་ཞག་གིས་གང་བའི་ལོ་ཟླ་མཚུངས་ནས་འདང་ཆེན་གྱི་མི་ཚོགས་བཞུགས་སའི་ཕ་ཡུལ་ལ་ཕྱོགས་ཏེ་དགེ་རྒན་ཞེས་པའི་མིང་བྱང་བརྗིད་པོ་ཞིག་ཕྲག་ཏུ་བཞེས་ཏེ་ཡུལ་ག་གེ་མོར་ལྷགས། དང་ཐོག་བདག་ཀྱང་འཚོ་བའི་རྙོག་སྒྲ་དང་སྲིད་ཀྱི་ཁུག་མགོའི་ཀྱག་ཀྱོག་བརྒྱུད་མ་མྱོང་བས་ཡོད་ཚད་གདོང་དུ་གྱོན་ཐུབ་པའི་དཔའ་སེམས་དང་བློ་སྤོབས་ཐུན་མིན་གྱི་གསོན་ཤུགས་ལས་རང་ནུས་ཅི་ཡོད་ཀྱིས་ལས་ལ་བརྩོན་ནས་སློབ་བུའི་ལང་ཚོའི་ཁྲོད་ཆེས་མཛེས་སྡུག་གི་མེ་ཏོག་རྐང་གཅིག་གི་ཚུལ་དུ་བཞད་འདོད། འབྲོག་པའི་སྦྲ་གུར་གསལ་བའི་མེ་དཔུང་དང་རོང་བའི་ལོ་འབྲས་སྨིན་པའི་ལོ་ཏོག་གི་ཚུལ་བཞིན་རང་གི་གཞོན་སེམས་ཀྱི་དཔའ་སྤོབས་ནན་གྱིས་བསྐྱེད་རུང་། སློབ་བུ་དག་ནི་སྐར་གྲངས་ཀྱི་བསླུ་བྲིད་ལ་ཚུད་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱུགས་ཀྱི་སྐུད་ཐག་ལས་མི་ཡོལ་བས་ངའི་སྒྲ་གདངས་ནི་རི་མཐོངས་ཀྱི་མཁའ་དབུགས་བཞིན་སྣང་དོགས་མེད་ལ། སློབ་བུ་དང་དཔེ་ཆའི་བར་ན་འདང་བརྩེ་མེད་པའི་དུས་དེར། ང་སྨུག་སྤྲིན་གསེབ་ཀྱི་ལུ་གུ་མགོ་འཁོར་བཞིན་ཁ་ཕྱོགས་གང་ན་རང་དང་འཚམས་པའི་ལམ་སྣེ་དེ་མི་རྙེད་པར་མ་ཟད། ལན་རེར་རང་ལ་དོགས་པ་ཟ་ཞོར་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཤེས་པ་དབེན་པ་ཡིན་ནམ། སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་རྐང་མགོ་ཐོགས་བཞིན་པ་ཡིན། གང་ལྟར་སེམས་ཀྱི་རེ་བའི་མགོ་འཕང་ཇེ་དམན་དུ་གྱུར་ཅིང་། བྱས་པར་ལན་འབྲས་ལྡོག་པའི་ཡུལ་འདི་དགེ་སློབ་འདང་ཆེན་གྱི་གཤིན་ས་མིན་ལ་ཐོབ་ཀྱི་གོ་ས་དང་རྒྱབ་རྟེན་ཅན་གྱི་ཁྲི་ལས་མ་སྣང་པས། ཆེས་ཐོག་མའི་དམིགས་འབེན་ཡ་ཡོ་དང་རབ་རིབ་ཏུ་གྱུར་ཅིང་། སེམས་ཀྱིས་བཀྱགས་པའི་ལས་གནས་རླབས་ཆེན་འདི་དོན་དམ་གྱིས་མི་ཚོགས་ན་ལས་གནས་དཀྱུས་མ་ཞིག་ཏུ་མི་བུ་ཞིག་གི་ལྟོ་རྟེན་ཁོ་ནར་གྱུར་འདུག

     རླབས་ཆེན་ཞིག་ལ་འདང་ཆེན་ཞིག་གི་བརྗོད་གཞི་ཡོད་ངེས་ལ།ཐབས་མཁས་ཤིག་ལ་ཐོབ་བྱ་ཞིག་གི་གར་སྟེགས་ཡོད་མོད། ངའི་རི་རབ་ཀྱི་རེ་བ་ནི་ཚ་དུག་འཕྱུར་བའི་སའི་གོ་ལའི་གངས་རི་གཉོམ་པོ་བཞིན་ཞུ་བཞིན་ཡོད་པ་ལས། ང་ནི་རང་ངོས་མ་ཤེས་པའི་རང་ལྟ་མཆོག་འཛིན་གྱི་དགེ་རྒན་ཐ་ཤལ་ཞིག་ལྷའི་གོ་འཕང་ནས་ལྷུང་ཡོང་བའི་སྣང་བ་ལས་ཅི་ཡང་སྒྲུབ་མ་ནུས། སྤྱིར་དགེ་རྒན་ཡང་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ཐབས་ཤེས་ཟུང་འབྲེལ་གྱི་བློའི་རྟོག་པ་དང་ལག་ལེན་གྱི་ཆོད་སེམས་ཅིག་མེད་ན་དགེ་ལས་འདི་ཡང་ཚུལ་བཞིན་སྒྲུབ་མ་ནུས་པར་སླར་ངན་སོང་དུ་སྐྱེ་བའི་རྐྱེན་ངན་དུ་འགྱུར་སྲིད་པས། ལས་གནས་འདི་བདག་ལྟ་བུའི་མི་བུ་ཐབས་སྡུག་ཅིག་གིས་སྐྱོང་རྒྱུ་མ་ཡིན་པའི་ངེས་ཤེས་སྐྱེས། དེ་ནི་བགྲང་བྱ་བཞིར་དགེ་རྒན་གྱི་ལས་གནས་ནས་རང་ཉིད་ལ་ཐོབ་པའི་སྡོམས་ཚིག་སྐྱོ་བོ་དེའོ།


  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:ཟོལ་མེད་སྙིང་ན་འཛུམ་པའི་རི་མོ།