པད་དགེ་ཆུ་བསྐྱིལ་མཚེའུའི་གཡང་གཟར་དུ་ཉེན་ཁ་མྱུར་སེལ་བྱེད་མཁན་གྱི་འཕྲུལ་རྟ་རུ་ཁག

དབྱངས་ཅན་གྱིས་བསྒྱུར།        2018-12-06

    འབྲི་ཆུའི་པད་དགེ་ཆུ་བསྐྱིལ་མཚེའུའི་གནོད་སྐྱོན་གྱི་གནས་ཚུལ་ཐེངས་གཉིས་པ་བྱུང་རིང་དུ། གཡང་གཟར་གྲོག་རོང་གི་ཡུལ་དུ་འཕྲུལ་རྟ100ལྷག་ལས་གྲུབ་པའི་འཕྲུལ་རྟ་རུ་ཁག་ཞིག་ཉེན་ཁར་མི་འཛེམས་ནས་ཉེན་སེལ་མི་སྣ་དང་དངོས་རྫས་སྐྱེལ་འདྲེན་བྱས་ནས་རྒྱབ་ཕྱོགས་ཀྱི་ཞབས་ཕྱི་འགན་སྲུང་གི་ལས་ཀ་སྒྲུབ་བཞིན་ཡོད་པ་རེད།
    སྤྱི་ཟླ11པའི་ཚེས17ནས་ཚེས18ཉིན་གྱི་བར། དཔལ་ཡུལ་རྫོང་དུ་བསྟུད་མར་ཁ་བ་ཆེན་པོ་བབས་ནས་འཁྱགས་རོམ་ཆགས་ཏེ་གཞུང་ལམ་དུ་ཐར་དཀའ་བ་རེད། ཡིན་ན་ཡང་འབྲི་ཆུ་པད་དགེ་ཆུ་བསྐྱིལ་མཚེའུའི་གནོད་སྐྱོན་གྱི་གནས་ཚུལ་ཐེངས་གཉིས་པ་བྱུང་རིང་དུ་འཕྲུལ་རྟ་རུ་ཁག་ཞིག་གཡང་གཟར་གྲོག་རོང་དུ་བསྐྱོད་ནས་ཉེན་སེལ་མི་སྣ་དང་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་རྒྱབ་ཕྱོགས་ཀྱི་ཞབས་ཕྱི་འགན་སྲུང་ལས་ཀ་བསྒྲུབས་པ་རེད།  ཁོ་ཚོ་ནི་དཔལ་ཡུལ་རྫོང་རོང་འགེབས་ཤང་རྩེབ་པ་གྲོང་སྡེ་དང་། སེང་མགོ་གྲོང་སྡེའི་གྲོང་མི་དང་དཀར་མཛེས་ཁུལ་ནགས་ཚལ་འཕྲལ་སྒྲུབ་མེ་གསོད་རུ་ཆེན་ལྔ་པ་ལས་གྲུབ་པའི་གཡང་གཟར་གྲོག་རོང་ཡུལ་གྱི་འཕྲུལ་རྟ་རུ་ཁག་རེད།

མ་སྐུལ་དང་བླངས་ཀྱིས་འཕྲུལ་རྟ་རུ་ཁག་བཙུགས།

    སྤྱི་ཟླ11པའི་ཚེས3ཉིན་གྱི་ཆུ་ཚོད17དང་སྐར་མ15ལ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འབོ་ལོ་ཤང་པད་དགེ་གྲོང་སྡེར་སྤྱི་ཟླ10པའི་ཚེས11ཉིན་གྱི་རི་ཉིལ་སར་ཡང་བསྐྱར་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཡང་བསྐྱར་ཆུ་བསྐྱིལ་མཚེའུ་ལ་གྱུར་པ་རེད།

ཆུ་བོ་གཅིག་ལས་མི་བར་བའི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དུ་འཕྲལ་སྒྲུབ་མྱུར་སེལ་དཔུང་སྡེས་དེ་མ་ཐག་བྱ་སྤྱོད་སྤེལ་བ་རེད། ཡིན་ནའང་སྤྱིར་བཏང་གི་རླངས་འཁོར་ནི་ཆུ་བསྐྱིལ་མཚེའུ་དང་རྒྱང་ཐག་སྤྱི་ལེ14ཡོད་པའི་རྩེབ་པ་གྲོང་སྡེར་མ་གཏོགས་མི་ཐར་བས་མ་ཚད། དེ་ལས་འཕྲོ་པའི་གཞུང་ལམ་སྤྱི་ལེ7.5ནི་ཤིང་ནགས་ཚང་ཚིང་སྐྱེ་བའི་གཡང་གཟར་གྲོང་རོང་དུ་བརྒྱུད་དགོས་ཤིང་། ལམ་ཐག་སྤྱི་ལེ7ཙམ་ལ་ཆུ་བོ་གྱེན་འདེད་བྱས་ཏེ་འདམ་བག་གི་ལམ་དུ་འགྲོ་དགོས་ཀྱི་ཡོད་སྟབས།འཕྲུལ་རྟ་དང་རྐང་ཐང་དུ་ཕྱིན་ན་མ་གཏོགས་ཐབས་གཞན་མེད་པ་རེད།

སྤྱི་ཟླ10པའི་ཚེས11ཉིན་འབྲི་ཆུའི་པད་དགེ་ཆུ་བསྐྱིལ་མཚེའུ་ཡི་ཉེན་སྐྱོན་གྱི་གནས་ཚུལ་ཐེངས་དང་པོར་བྱུང་སྐབས། རྩེབ་པ་གྲོང་སྡེ་དང་དེའི་ཉེ་འཁོར་ཡོད་པའི་སེང་མགོ་གྲོང་སྡེའི་ཡུལ་མིས་འཕྲུལ་རྟ་ཐོག་ནས་ཉེན་སེལ་མི་སྣ་དང་དངོས་ཟོག་གནོད་ཐེབས་ས་ཁུལ་དུ་བསྐྱལ་བ་རེད། སྤྱི་ཟླ11པའི་ཚེས3ཉིན་གྱི་དགོང་མོར་གྲོང་མི་ཚོས་ཡང་བསྐྱར་ཉེན་སེལ་ལས་སྒྲུབ་ཚོ་ཆུང་གི་གྲུབ་མི་ཚན་པ་དང་པོ་ཆུ་བསྐྱིལ་མཚེའུ་ཡི་གནོད་སྐྱོན་ཐེབས་ཡུལ་དུ་བསྐྱལ་བ། སྤྱི་ཟླ11པའི་ཚེས4ཉིན་མི་སྣ་དང་དངོས་ཟོག་དེ་བས་མང་པོ་ཞིག་རྩེབ་པ་གྲོང་སྡེར་འཛོམས་པས། ལས་གྲྭ་དང་པོའི་བཀོད་འདོམས་པུའུ་ཡིས་ཡུལ་དེར་ཆེད་དུ་དངོས་ཟོག་ལམ་བར་བརྒྱུད་འདྲེན་ས་ཚུགས་ཞིག་བཙུགས་པ་རེད།

    སྤྱི་ཟླ11པའི་ཚེས4ཉིན་གྱི་སྔ་དྲོར། ལོ་ན39ལོན་པའི་རྩེབ་པ་གྲོང་སྡེའི་ཡུལ་མི་ཚེ་རིང་དོན་གྲུབ་ཀྱིས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེས་མྱུར་དུ་རོགས་སྐྱོར་བྱེད་སར་འོང་དགོས་པའི་ཁ་པར་ཞིག་བཏང་ཡོང་། ཉིན་དེར་རྩེབ་པ་གྲོང་སྡེ་དང་སེང་མགོ་གྲོང་སྡེའི་གྲོང་མི། དཀར་མཛེས་ཁུལ་ནགས་ཚལ་འཕྲལ་སྒྲུབ་མེ་གསོད་རུ་ཆེན་ལྔ་པ་བཅས་ལས་གྲུབ་པའི་འཕྲུལ་རྟ་རུ་ཁག་ཞིག་དངོས་སུ་འཛུགས་གཉེར་བྱས། རོགས་སྐྱོར་ལས་ཀའི་ནང་ཞུགས་དགོས་པའི་གནས་ཚུལ་ཐོས་མ་ཐག་མི་གྲངས100ལྷག་གིས་རང་ཤུགས་སུ་མིང་ཐོ་བཀོད་པ་རེད། རོང་འགེབ་ཤང་ཏང་ཨུའི་ཧྲུའུ་ཅི་ཀུན་བཟང་དབང་མོས་མཐའ་གཏུག་ལ་སླེབས་དུས་འཕྲུལ་རྟ་རུ་ཁག་ནང་ཞུགས་མཁན་འཕྲུལ་རྟ100ལྷག་ཡོད་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

དཀའ་ཚེགས་ཆེན་པོས་ཚེ་སྲོག་ཐར་ལམ་སྲུང་།

    སྤྱི་ཟླ11པའི་ཚེས4ཉིན་ཚེ་རིང་དོན་གྲུབ་ལ་སྤྲད་པའི་ལས་འགན་དང་པོ་ནི་ལམ་བར་བརྒྱུད་འདྲེན་ས་ཚུགས་ནས་ཉེན་སེལ་མི་སྣ་དང་དངོས་ཟོག་སྤྱི་བརྒྱ50ཆུ་བསྐྱིལ་མཚེའུ་ཕྱོགས་སུ་སྐྱེལ་དགོས་པ་དེ་རེད། ཁོས་རྩེབ་པ་གྲོང་སྡེ་ནས་ཤིང་ནགས་ཚང་ཚིང་གིས་ཁེབས་པའི་ལམ་དུ་ཕྱིན་སྐབས། ད་གཟོད་ལམ་བར་གྱི་དཀའ་ཚེགས་དེ་རང་ཤུགས་ཀྱིས་ཉམས་སུ་མྱངས་དང་མྱོང་བཞིན་པ་ནི་སྨོས་མེད་རེད།

ཉེན་མེད་ཡོང་བར་ཁག་ཐེག་བྱེད་ཆེད། ཚེ་རིང་དོན་གྲུབ་ཀྱིས་འཕྲུལ་རྟ་ག་ལེར་བཏང་ནས་ཆུ་འགྲམ་དུ་སླེབས་མོད། ཡིན་ན་ཡང་དེ་ལས་འཕྲོ་པའི་ལམ་ཐག་སྤྱི་ལེ7ཙམ་དེ་ཚང་མ་འདམ་རྫབ་ལམ་ཡིན་པས་འཕྲུལ་རྟ་གཏོང་ཐབས་བྲལ་བ་རེད། སྐབས་དེར་ཚེ་རིང་དོན་གྲུབ་ཀྱིས་འཕྲུལ་རྟ་དབྱུགས་ནས་དངོས་ཟོག་རྒྱབ་ཏུ་ཁྱེར་ཏེ་རྐང་ཐང་དུ་ཆུ་ཚོད3ལ་སོང་ནས་དམིགས་ཡུལ་དུ་བསླེབས་ཐུབ་པ་རེད།

    དེ་ནས་ཉིན་ཁ་ཤས་རིང་འཕྲུལ་རྟ་རུ་ཁག་གི་མི་སྣ་ཚོས་བྱེད་སྟངས་འདི་སྤྱད་ནས་ཉེན་སེལ་མི་སྣ་དང་དངོས་ཟོག་རྒྱུན་ཆད་མེད་པར་ཆུ་བསྐྱིལ་མཚེའུ་ཕྱོགས་སུ་བསྐྱལ་བ་རེད།

    སྤྱི་ཟླ11པའི་ཚེས7ཉིན་གྱི་ཉིན་གུང་ལ་འཕྲུལ་རྟ་རུ་ཁག་ལ་རི་ཉིལ་སར་ལྟ་སྐུལ་ཚོད་འཛིན་བྱེད་ཡས་ལེ་ཏ་ཞིག་ཆུ་བསྐྱིལ་མཚེའུ་ཡོད་སར་སྐྱེལ་དགོས་པའི་ལས་འགན་འཕྲོད། ཁག་བཞི་ལས་གྲུབ་པ་དང་ཁག་རེར་སྤྱི་བརྒྱ100ལྷག་ལྡན་པའི་འཕྲུལ་འཁོར་ཆེན་པོ་དེར་མཐོང་སྐབས། དཔལ་ལྡན་རྡོ་རྗེ་དང་བཅས་པའི་གྲོང་མི8ཀྱིས་ཁག་རེར་མི4རེར་བགོས་ཏེ་འགྱོགས་བྱམས་ཞིག་བཟོས་ནས་རྐང་ཐང་དུ་རེས་བསྐོས་ནས་ལེ་ཏ་དེ་བསྐྱལ་བ་རེད། ཚེས7ཉིན་གྱི་ཉིན་གུང་ནས་ཚེས8ཉིན་གྱི་ཕྱི་དྲོར་ད་གཟོད་ལེ་ཏ་དེ་དམིགས་ཡུལ་དུ་བསྐྱལ་ཐུབ་པ་རེད།

རོགས་སྐྱོར་བྱེད་པར་དྲིན་གཟོ་བྱས་ནས་གླ་ཆ་མི་ལེན་པ།

   ལམ་བར་དུ་ཉེན་ཁ་ཆེ་ཡང་སྡུག་སྐད་རྒྱག་མཁན་གཅིག་ཀྱང་མི་འདུག

     སྤྱི་ཟླ11པའི་ཚེས3ཉིན། ཁུལ་ནགས་ཚལ་འཕྲལ་སྒྲུབ་རུ་ཆེན་ལྔ་པའི་གྲུབ་མི་ཚེ་རིང་འགྱུར་མེད་ཀྱིས་མི་སྣ་དང་དངོས་རྫས་ཐེངས་མང་སྐྱེལ་འདྲེན་བྱས་རྗེས་ལག་པ་གཉིས་ཀར་ཆུ་བུར་ལྒང་པ་རེད། སྨན་བཅོས་ས་ཚུགས་སུ་སྨན་པས་ཆུ་བུར་རུལ་ཟིན་པས་ངེས་པར་དུ་རྨ་ཁ་གཤགས་ནས་ཐུམ་རྒྱག་དགོས་ངེས་རེད་ཅེས་བཤད། ཚེ་རིང་འགྱུར་མེད་ཀྱིས་སྨན་པ་ལ་ཐུམ་རྒྱག་ན་ཅ་ལག་སྐྱེལ་མི་བདེ་བས་ཐུམ་རྒྱག་རྒྱུ་བསྐྱུར་ན་ཨེ་ཆོག་ཅེས་དྲིས། ཁོས་ཨུ་ཚུགས་བྱས་པར་བརྒྱུད་སྨན་པས་ཐབས་མེད་ནས་སྟབས་བདེའི་དུག་སེལ་བྱས་རྗེས།ཁོ་རང་ཡང་དུ་མི་སྣ་དང་དངོས་རྫས་སྐྱེལ་འདྲེན་གྱི་ལས་ཀར་ཞུགས་པ་རེད།

     རྩེབ་པ་གྲོང་སྡེའི་ལམ་བར་གྱི་བརྒྱུད་འདྲེན་ས་ཚུགས་སུ་བཅའ་སྡོད་བྱེད་བཞིན་པའི་དཔལ་ཡུལ་རྫོང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁང་ཆིན་ཧྭ་ཡིས་ངོ་སྤྲོད་བྱ་རྒྱུར།ཉེན་ཁ་མྱུར་སེལ་བྱེད་རིང་དུ་སྦྲ་གུར42དང་།ཉལ་ཁེབས1240 ལྭ་རིང100 རླངས་སྣུམ་ཟོམ12 ཁྲའེ་ཡིའུ་སྣུམ་ཟོམ27 བཟའ་བཅའ་དང་ཆུ་ཏུན30ཉེན་ཁ་མྱུར་སེལ་བྱ་ཡུལ་དུ་བསྐྱལ་ནས།འབྲི་ཆུའི་པད་དགེ་ཆུ་བསྐྱིལ་མཚེའུ་ཡི་འཕྲལ་སྒྲུབ་ཉེན་སེལ་གྱི་བྱ་སྤྱོད་ལ་འགན་སྲུང་ནུས་ལྡན་བྱས་པ་རེད།

འཕྲུལ་རྟ་རུ་ཁག་གི་གྲུབ་མི་དང་ཁྱད་པར་དུ་ཡུལ་དེ་གའི་གྲོང་མིའི་སྒེར་སེམས་མེད་པའི་བྱ་སྤྱོད་བཟང་པོས་རོགས་སྐྱོར་མི་སྣ་དང་ཆེད་རམས་པ་ཚོར་སེམས་འགུལ་ཐེབས་ནས།བཀའ་དྲིན་མཚོན་བྱེད་ཀྱི་གླ་ཆ་ཚང་མ་ལེན་མེད་པ་རེད།

ཚེ་རིང་དོན་གྲུབ་ཀྱིས་གོད་ཆག་ཆེན་པོ་འདི་འདྲ་བྱུང་རྗེས་ཏང་དང་སྲིད་གཞུང་གིས་དེ་མ་ཐག་ཏུ་རོགས་སྐྱོར་བྱེད་སར་ཕེབས་འོང་པས། ང་ཚོས་བསྒྲུབས་པ་འདི་ངོ་མ་དོན་ཆུང་ནང་གི་དོན་ཆུང་རེད་ཅེས་བཤད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་སྤྱིལ་ཁང་ཤིང་ཏོག་དང་སྔོ་ཚལ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བརྙན་ལམ་དུ་བསྟན།
  • ལེ་ཚན་རྗེས་མ།:ཁྲོན་བོད་གཞུང་ལམ་ཐོག་གི་ཟམ་ཆེན་དང་པོ་ཁམས་དར་ཟམ་ཆེན།
  • དོ་སྣང་ཆེ་བའི་རྩོམ།