མུན་ནག་གིས་འཇབ་ཀྱིན་པའི་ཕ་ས།

རོང་ཤུལ་དེ་བཞིན་གཤེགས་པ།        2018-12-06

མུན་ནག་གིས་འཇབ་ཀྱིན་པའི་ཕ་ས།

ས་ཆེན་གྱི་འོད་སྣང་ལ་ཕྱོགས་པའི་ཕ་ས།

སྤྱི་མཐུན་གྱི་འོད་ཆེན་ལ་དུང་བའི་ཕ་ས།

ཤར་ཕྱོགས་ཀྱི་ནུབ་ཁུལ་དེའི་ཁུག་སོ་ན།

ཅི་ཞིག་གིས་སྦས་པ་བཞིན་ཁུ་སིམ་མེར་སྡོད་པའི་དུས་རབས་བགྲང་ལས་འདས།

 

སྒང་ཁ་འདི་དག་གི་གྲང་རླུང་འགམ་བཞིན་མིག་ཟུང་ཉི་འོད་ལ་གཏད།

སེར་ཀ་དང་ཆུ་སེར་བསྣོལ་བའི་སྙིམ་པར་སྣུམ་ཐིགས་ཙམ་ཟག་ཚེ།

ང་ཚོ་ཡང་གྲུ་ཀ་འདི་ནས་མི་ཚོགས་ཀྱི་སེམས་ལ་འདེགས་ཡོད་དམ།

 

གླེགས་བམ་གྱི་ཕུང་པོ་བརྩེགས་པའི་ཀློང་ན།

དྲི་བསིང་དང་འགྲོགས་པའི་རྣམ་ཤེས་ཁེར་འགྲོ་དེས།

རི་ཆུ་ཁྲི་མ་འབུམ་གྱི་ཡང་རྩེ་ནས་སུས་ཀྱང་དོ་ཡ་མེད་པའི་ཚོན་རིས་བྲིས།

མཛེས་པ་འདྲ་ཡང་སྒེག་ཚུལ་མི་གཅིག

ཁ་དོག་འདྲ་ཡང་སྣུམ་བག་མི་གཅིག

 

འཚོ་དབུགས་ཀྱི་རྒྱུ་བ་སྲབ་པ་སྒང་ཁའི་ལྡོག་ཏུ་མེད་པའི་ལས་དབང་ཡིན།

གྲང་རེག་གི་རྒྱུ་བ་དལ་ཙམ་ཕྱིན་ཀྱང་།

ཨུ་ཚུགས་ཀྱིས་བསྐྱོད་པའི་མུན་པ་ཕྱོགས་ཀྱི་མཁའ་མཐའ་ནས་འཇབ་ཀྱིན་ཡོད།

མུན་པ། བཙན་གྱིས་འཇབ་བྱུང་།

མུན་པ།གནམ་ས་གང་ནས་འཇབ་བྱུང་།

ཁ་བ་དཀར་ཡང་མུན་པས་མདོག་བསྒྱུར་སོང་།

ཉི་འོད་གསལ་ཡང་མུན་པས་ཁྱུར་མིད་བྱས་སོང་།

གླེགས་བམ་གྱི་ཀློང་ནས་རྒྱུ་བའི་རྣམ་ཤེས་ཁེར་འགྲོ།

སྟོབས་ཀྱིས་འགྱིང་ཡང་།

ཤུགས་ཀྱིས་འགྲེང་ཡང་།

མུན་ནག་གི་བང་རིམ་བརྩེགས་ཆེས་པས།

བར་སྣང་འདི་བཙིར་བཙིར་ནས་སྟོང་ཆ་མེད་པར་བྱས།

 

གནས་ལུགས་ཀྱིས་སྟོང་བའི་མུན་པ།

དབང་ཤུགས་ཀྱིས་བསྟིམས་པའི་མུན་པ།

བྱིས་པ་མགོ་རིལ་ཚོའི་འཛུམ་མདངས་ལ་ལྷག་ཏུ་འཚེ་བའི་མུན་པ།

ཕྱོགས་ངེས་མེད་ནས་ཕ་སར་འཇབ་བྱུང་།

ཚུལ་ངེས་མེད་ཀྱིས་ཕ་སར་འཇབ་བྱུང་།

 

སྒྱུ་མ་ལ་གོམས་པའི་མུན་པ།

དབང་ཤེད་ཀྱིས་རྒྱགས་པའི་མུན་པ།

རྫོང་སྟུག་པའི་ངུར་སྨུག་ལ་ལྷག་ཏུ་སྡང་བའི་མུན་པ།

གནམ་ནས་འཇབ་བྱུང་།

ས་ལས་འཇབ་བྱུང་།

བར་སྣང་ནས་འཇབ་བྱུང་།

ཕ་ས་ལ་འཇབ་བྱུང་།


  • ལེ་ཚན་སྔོན་མ།:དྲན་པའི་རི་ཟོམ།
  • ལེ་ཚན་རྗེས་མ།:རླུང་ལ་ཞོན་པའི་གླུ།