ལི་ཐང་རྫོང་གི་སྤྱིལ་ཁང་ཤིང་ཏོག་དང་སྔོ་ཚལ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བརྙན་ལམ་དུ་བསྟན།

ཀུན་དགས་བསྒྱུར།        2018-12-06

     སྤྱི་ཟླ11པའི་ཚེས11ཉིན་གྱི་དགོང་མོར་ལི་ཐང་རྫོང་གི་སྤྱིལ་ཁང་ཤིང་ཏོག་དང་སྔོ་ཚལCCTV2ནོར་སྲིད་དཔལ་འབྱོར་བརྙན་ལམ་ཐོག་ཐད་གཏོང་བྱས་ཡོད་ཅིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲེང་ཐན་ཧྥེང་གིས་བརྙན་ལམ་དུ་རྒྱལ་ཡོངས་ཀྱི་གཟིགས་པ་པོ་རྣམས་ལ་ལི་ཐང་ལ་ཕུག་དང་ཀྲོ་མ་ཀྲུ་ཆུང་ཆུང་། ཀུ་བ་སོགས་མཐོ་སྒང་གི་ཤིང་འབྲས་སྔོ་ཚལ་འོས་སྦྱོར་བྱས་པས་མ་ཚད་རྫོང་དེའི་སྤྱིལ་ཁང་ཤིང་འབྲས་སྔོ་ཚལ་འཕེལ་རྒྱས་འགྲོ་ཚུལ་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཀྱང་བཤད་པ་རེད།

     དབུལ་ཐར་འགག་སྒྲོལ་ཐུབ་ཆེད། ལི་ཐང་རྫོང་གིས་ཉེན་མེད་བཟའ་བཅའ་ལས་རིགས་འཕེལ་རྒྱས་གཏང་རྒྱུའི་འདུ་ཤེས་བཅངས་པས་མ་ཚད། ས་བབ་མཐོ་བའི་གནམ་གཤིས་དང་དྭངས་གཙང་གི་མཁའ་རླུང་། སྦགས་བཙོག་མེད་པའི་ཞིང་ས། དྭངས་ཤིང་གཙང་བའི་ཆུ་འགོ། དྲོད་ཞིང་འཇམ་པའི་ཉི་འོད་སོགས་ལེགས་ཆར་བརྟེན་ནས་མཐོ་སྒང་ཉེན་མེད་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་རེད། ཐད་ཀར་ཤང་ཀང་དང་ཨའོ་མེན་དུ་ཕྱིར་འཚོང་བྱེད་པའི་ཚོད་ལྟ་ཁུལ་གྱི་རྨང་གཞི་བརྟན་པོ་འཛུགས་རྒྱུར་ཧུར་བརྩོན་བྱས་པས་མ་ཚད། སྐྱེ་ཁམས་ཞིང་ལས་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་ལ་རོགས་སྐྱོར་བྱས་པ་རེད། མིག་སྔར་ལི་ཐང་རྫོང་གིས་ཚད་ལྡན་ཅན་གྱི་སྨྱུ་གུ་ལྟེ་གནས་སྨི་གྲུ་བཞི་མ10000དངEPSརིག་ནུས་དགུན་དྲོ་དྲོད་སྙོམས་ཁང་སྨི་གྲུ་བཞི་མ5000 ཚད་ལྡན་ཅན་གྱི་སྔོ་ཚལ་འཁྱགས་མཛོད་ཏུན600འཛུགས་སྐྲུན་བྱས་ཡོད། འདེབས་འཛུགས་བྱས་པའི་ཤིང་འབྲས་དང་སྔོ་ཚལ་མུའུ8300ཡོད་པས་ཐོན་འབོར་རྒྱ་མ་ཁྲི8100དང་ཐོན་རྫས་རིན་ཐང་སྒོར་ཁྲི6880ལ་སླེབས་ཡོད་པས་འབྱུང་འགྱུར་དུ་ཐོན་རྫས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་པའི་ནུས་པ་ལྡན་པ་རེད།།


  • ལེ་ཚན་སྔོན་མ།:ད་ལོར་རང་ཁུལ་གྱིས་རྫོང(གྲོང་ཁྱེར)5དབུལ་ཐར་ནས་དབུལ་པོའི་ཞྭ་མོ་ཕུད་རྒྱུར་ཁུལ་རིམ་པའི་ཞིབ་བཤེར་ཚད་ལོན་བྱུང་།
  • ལེ་ཚན་རྗེས་མ།:པད་དགེ་ཆུ་བསྐྱིལ་མཚེའུའི་གཡང་གཟར་དུ་ཉེན་ཁ་མྱུར་སེལ་བྱེད་མཁན་གྱི་འཕྲུལ་རྟ་རུ་ཁག
  • དོ་སྣང་ཆེ་བའི་རྩོམ།