ཟླ་འོད་འོག་གི་འཆར་སྣང་།

ལྷོ་སྨོན།        2018-12-05

ཟླ་བ།

ཁྱེད་སུ་ཞིག་གི་རྣམ་སྤྲུལ་ལས་

འཁྲུངས་པ་ངས་མི་ཤེས་ཀྱང་།

ཟླ་འོད།

ཁོང་ཡོད་པས་ད་གཟོད་ཁྱེད་ལ་

རིན་ཐང་ལྡན་པ་ངས་ཤེས།


མུན་ནག་གི་གཡོག་པའི་འཇིག་

རྟེན་འདིར།

ཁྱེད་ལ་ངོ་བསྟོད་བྱེད་མཁན་གྲངས་

མེད་ནས་གྲངས་མེད་ཡིན་ལ།

ཁྱེད་ལ་ངན་རྩུབ་ཀྱི་མིག་ལོག་ལྟ་

མཁན་གཅིག་གཉིས་ག་ལ་ཡིན།

འོན་ཀྱང་ཁྱེད་ནི།

ངོ་བསྟོད་དང་ངན་རྩུབ་ཀྱི་དགའ་

སྐྱོ་ལས་མ་ཟིན་པར།

འདི་ལྟར་དགུང་སྔོན་ན་དཀར་

གསལ་ལེར། 

འོད་ལྷང་ངེར་སྔར་བཞིན་གནས།

གང་ལགས་ཤེ་ན།

ཁྱེད་ཀྱི་འགན་འཁྲི་དང་ཕུགས་

བསམ་འདི་ནམ་ཡང་བརླག་མེད་པས།

མཚན་མོ་རེ་རེའི་འགྱུར་ལྡོག་

ནོར་བ་འཁྲུལ་བ་མེད་པར།

འཇིག་རྟེན་འདི་ན་གསལ།


དཀར་གསལ་གྱི་ཟླ་བ།

མུན་ནག་གི་དགྲ་བོ།

འགྲོ་བ་མི་ཡི་ལམ་སྟོན།

མིག་ནང་གི་ལྷ་མོ།

སེམས་ནང་གི་རེ་བ།


ཡར་ངོའི་ཟླ་བ།

ང་ཚོའི་མི་ཚེ་ཡི་ཁ་ཕྱོགས་ཡིན་ན།

མར་ངོའི་ཟླ་བ།

ང་ཚོའི་ཚེ་སྲོག་གི་འགྱུར་ཁུག་ཅིས་མ་ཡིན།


  • ལེ་ཚན་སྔོན་མ།:ཡང་བསྐྱར་ལམ་ལ་ཆས་རྒྱུ་ཡིན།
  • ལེ་ཚན་རྗེས་མ།:དྲན་པའི་རི་ཟོམ།