ཡང་བསྐྱར་ལམ་ལ་ཆས་རྒྱུ་ཡིན།

རོང་ཤུལ་དེ་བཞིན་གཤེགས་པ།        2018-12-05

ས་ཆེན་འདིའི་པང་དུ་སྦྲུམ་པ་ནས།

ངས་དཀྱེལ་ཡངས་པའི་བྲང་གཞུང་འདིའི་གངས་ཁྲོད་ནས།

ཁ་བ་ལས་དཀར་བའི་སེམས་པ་ས་ལ་གླན།

ཟུངས་ཁྲག་ལས་དམར་བའི་མིག་ཆུ་གངས་ལ་མཆོད།


གྲག་འགུལ་གྱིས་དབེན་པའི་གངས་རི།

བསྐལ་བ་དཔག་མེད་ཀྱི་ཆུ་རྡུལ་བསགས་བསགས་ནས།

གྲང་སིག་སིག་གིས་འགྱིངས་ཡོད།

བརྗིད་ལྷང་ལྷང་གིས་འགྲེངས་ཡོད།


སེམས་ལ་འཁྲུངས་པའི་གངས་རི།

དམར་ཆུང་གི་འཕར་འགྲོས་ལ་ཐིམ་པའི་གངས་རི།

ངའི་དྲན་པའི་ཀློང་ན་རི་མོ་ཡོད་པ་ནས་གཏན་དུ་འབྲལ་མ་མྱངས།


དུས་མཐའི་གང་ཟག་གི་ཉོན་མོངས་རགས་ཆེས་པས་སམ།

ཨ་འཐས་ཀྱིས་འཁེངས་པའི་གཟུགས་ཕུང་བརྗིད་ཆེས་པས་ལགས།

ཉི་འོད་ཀྱིས་འཁྱུད་ཀྱང་གྲང་ངར་གྱིས་སྦྲུམ་པའི་གངས་རིར།

ང་ཆགས་ཤིང་ཞེན་ལ་དུང་ཞིང་དགའ།


དབང་རྩོད་ཀྱི་སྒྱུ་མ་འདུ་བའི་དོ་ར་དེར།

ངས་བཙན་གྱིས་ཞུགས་པ་གངས་རིའི་ཆེད།

ཐོབ་ཤོར་གྱི་ཟློས་གར་རྩེན་པའི་གཡུལ་ར་དེར།

ངས་ཐབས་ཀྱིས་རྒོལ་བ་གངས་རིའི་ཆེད།


རེད་དེ།ལྕགས་སྒྲོག་གིས་བསྡམས་པའི་སུག་བཞི།

རྐྱང་སྐུམ་ལ་རང་དབང་བོར་བ་རང་མོས་མིན་ཀྱང་།

བར་སྣང་འདི་བཙན་གྱིས་བཙིར་དྲགས་པས།

ངའི་དབུགས་ཀྱི་རྒྱུ་བའང་འཚང་ལ་ཉེ།


གཡུལ་ལས་ཕམ་པའི་ང་།

འདུ་ཤེས་དམར་རྐྱང་གི་ཡས་མཐར་དེད་པའི་ང་།

དུབ་དྲགས་པའི་རྡོག་མགོ་འཁྱོར་བཞིན།

ཕ་མེས་ཚོའི་འཁང་ཉམས་ཀྱི་ཞལ་རས་ལ་ཞེ་འཚེར་བཞིན།

འཕྱིས་ཀྱང་ཡང་བསྐྱར་ལམ་ལ་ཆས་རྒྱུ་ཡིན།

རྒས་ཀྱང་ཡང་བསྐྱར་ལམ་ལ་ཆས་རྒྱུ་ཡིན།


  • ལེ་ཚན་སྔོན་མ།:སྙིང་ཉེ་བའི་ཕུགས་བསམ་ལགས།
  • ལེ་ཚན་རྗེས་མ།:ཟླ་འོད་འོག་གི་འཆར་སྣང་།