སྙིང་ཉེ་བའི་ཕུགས་བསམ་ལགས།

རྔ་བ་ཕུན་ཚོགས།        2018-12-03

འུ་གཉི་གའི་བར་ལ་སྦེད་དགོས་རྒྱུ་ཅི་ཡང་མེད།

ཁྱོད་ཀྱིས་སེམས་རྩ་ལྷོད་ལ་བབས་ཏེ།

ཁོ་ཧྥེ་ཁམ་རེ་འཐུང་ཞོར།

ཡང་ན་ཁྱོད་རང་དགའ་ཡང་དགའ་ལ་སྡང་ཡང་མྱོང་བའི།

གསར་རུ་གསར་མོ་དེ་དག་གླེང་ཞོར།

ང་ལ་ཤོད་དང་།

ང་ལ་དྲང་མོར་ཤོད་དང་།

དོན་དངོས་སུ།

གསོན་པ་ནི་ཅིའི་ཕྱིར་ཡིན།

ཡང་ན་འཚོ་བ་ནི་ཅི་ཞིག་ཡིན།

མིན། ཁྱོས་བཤད་མི་སྲིད།

ཁྱོད་རྒྱུན་དུ་འཇམ་ཅག་གེར།

ཧ་ཅང་ཁེར་རྐྱང་དུ་ཡར་མར་ལ་ཉུལ་ཞོར།

གྲོང་ཁྱེར་འདིའི་དཔེ་ཁང་བསོར་མོ་དག་ལ་འཛུལ་འགྲོ་བ་ལས།

ང་ལ་ཨ་ལན་གསལ་བོ་ཞིག་ཅི་ཡང་གནང་མ་སོང་།

ཁྱོད་གྲོགས་པོ་ཁྲེལ་མེད་ཞིག་རེད།

ཟླ་དགུ་ཞག་བཅུར་མངལ་ལ་སྦྲུམ་པའི་ཨ་མས།

ང་ཁྱོད་ཀྱི་ཆེད་དུ་སྐྱེས་པ་བདེན་ཡང་།

ཚེ་གཅིག་ལུས་གཅིག་ཉིད་ལ།

ང་ངའི་ཆེད་དུ་ཤི་མི་ཆོག་པ་ཅི་རེད།


འགྲོ་འདུག་གོམ་པའི་བར་ནས།

ཅི་ཡིན་འདི་ཡིན་མེད་པར།

ད་ནི་དཔྱིད་ཀ་ཚེས་བྱུང་།

སྲང་ལམ་གྱི་མཐའ་ཁར་བཤམས་པའི།

དཀར་སེར་དམར་ལྗང་གི་མེ་ཏོག་དེ་དག་ལས།

ཤིན་ཏུ་ཞེ་ལ་འབབ་པའི་མེ་ཏོག་ཅིག་གཉོར་དགོས་ཨང་།

འཚོ་བ་ལ་བྲེལ་ཟིང་ཅི་འདྲ་ཆེ་ཡང་།

རང་སེམས་ཁོ་ན།

འཚོ་བའི་མེ་ཏོག་ཡིན།

སྙིང་ཉེ་བའི་ཕུགས་བསམ་ལགས།

འདི་ནི་གསོན་པའི་སྟོབས་ཤུགས་ཡིན་ནམ།

འཚོ་བའི་སྙིང་བོ་ཡིན་ནམ།

གལ་སྲིད་མེ་ཏོག་རྙིད་པར་གྱུར་ན་ཅི་བྱ།

སྦྲང་ཆུང་ཤི་བར་གྱུར་ན་ཅི་བྱ།

གལ་སྲིད གལ་སྲིད་་་་་་་་་་


  • ལེ་ཚན་སྔོན་མ།:ཨ་མའི་ལྷ་ས།
  • ལེ་ཚན་རྗེས་མ།:ཡང་བསྐྱར་ལམ་ལ་ཆས་རྒྱུ་ཡིན།