ཨ་མའི་ལྷ་ས།

རྔ་བ་ཕུན་ཚོགས།        2018-12-03

ཆུང་ཆུང་གི་དུས་སུ།

ང་རང་ཨ་མྱེས་གཉོར་ནས་ལག་ཆགས་པ་ཡིན།

ལོ་ལྔ་ཙམ་ལ་སླེབས་པའི་དབྱར་ཁ་ཞིག་ལ།

ངེད་ཚང་ལ་ཡུལ་མི་མང་བོ་ཞིག་འདུས་བྱུང་།

དེ་དང་མཉམ་དུ་རབ་བྱུང་བ་མང་བོ་ཞིག་ཀྱང་ཕེབས་བྱུང་།

ཉིན་དཀར་ཁོང་ཚོ་དང་མཉམ་དུ།

རྩེད་བཞིན་དགོད་བཞིན་འདས་འགྲོ་ཡང་།

ས་རུབ་ན་ཨ་མྱེ་དང་མཉམ་དུ་ཉལ་ཏེ།

གཏམ་རྒྱུད་ལ་ཉན་རྒྱུར་དགའ་བས།

ངས་རྒྱུན་དུ་ཨ་མ་ལ་ཨ་མྱེའི་སྐོར་རེ་དྲིས་ན།

ཨ་མས་ངུ་སྐད་ཀྱིས།

ཞི་ལུ། ཨ་མྱེ་ལྷ་སར་བུད་སོང་བས།

ཨ་མའི་ཁར་ལོངས།

ཨ་མྱེ་མི་རིང་བར་ཕྱིར་ལོག་ངེས་ཟེར།


ངས་ཉི་མ་རེ་རེ་བཞིན་དུ།

ཉལ་ཁང་གཙང་མར་བྱས་ནས།

ཨ་མྱེའི་ཕེབས་བསུ་ལ་རེ་སྒུག་བྱས།

ཕྱིར་ཕེབས་ནས་ང་ལ་བཤད་མ་ཚར་བའི།

ཡར་ཆབ་སྔོན་མོའི་བཞུར་རྒྱུན་ལྟ་བུའི།

གཏམ་རྒྱུད་ཅིག་བཤད་པར་རེ་སྒུག་ཡང་ཡང་བྱས་པ་ཡིན།

ཉིན་གྱིས་ཞག་དེད་ཅིང་ཟླ་ཡིས་ལོ་ཟིན་ཡང་།

ཁྲེལ་གཞུང་མེད་པའི་ཨ་མྱེ་ནམ་ཡང་ལོག་མ་བྱུང་།

ཐ་ན་ང་རང་བརྗེད་ནས་ཀྱང་།

ཡུན་རིང་འགོར་འདུག་པ་འདྲ།

ལྷ་ས་ནི་ང་ལ་མཚོན་ན་རེ་སྒུག་ཅིག་ཡིན།

ལྷ་ས་ནི་ཨ་མྱེས་བཤད་འཕྲོར་ལུས་པའི།

གཏམ་རྒྱུད་ཅིག་གི་འགོ་ཁུངས་ཡིན་ཨང་།


ཡར་ཆབ་སྔོན་མོ་ཕྱི་ལྟས་ཙམ་ཡང་མེད་པར།

མདུན་ནས་མདུན་དུ་བཞུར་བཞིན་མཆིས་ལ།

བཙན་པོའི་བང་སོས་རླུང་དམར་དང་ས་རྡུལ་འགམ་ནས།

སུ་ཞིག་ལ་ཁེར་རྐྱང་གི་ཐ་སྙད་ཅིག་འགྲེལ་བ་བྱེད།

ང་རང་ཅི་ཡིན་འདི་ཡིན་མེད་པར།

ལོ་ཟླའི་གཙང་པོར་ཞུགས་ཏེ།

སློབ་ཆུང་ནས་སློབ་འབྲིང་དང་།

སློབ་འབྲིང་ནས་སློབ་ཆེན་གྱི་སྒོ་ཐེམ་སྙེག

ད་ཚོད་ཅིག་ལ། ཏག་ཏག་ད་ཚོད་ཅིག་ལ།

ངས་ད་གཟོད་ལྷ་ས་ནི་ཕྱིར་ཡོང་མེད་པའི།

ཨ་མྱེའི་ཕ་ཡུལ་ཡིན་པ་ཤེས་སོང་ལ།

སྐྲ་དཀར་གྱི་ཉག་མ་རེ་རེར་འཚོ་བའི་དྲན་པ་སྦྲུམ་པའི།

སྙིང་ཉེ་བའི་ཨ་མའི་ཚེ་གཅིག་གི་སྨོན་པ་ཡིན་པའང་ཤེས་སོང་།


ལྷིང་འཇགས་ཀྱིས་བཞུར་བའི་ཡར་ཀླུང་གཙང་པོར།

ཕ་རུས་པ་ཅན་ཞིག་གི་དཔའ་མཛངས་ཡོད་ལ།

མ་ཕྱི་ཐག་ཅན་ཞིག་གི་བྱམས་སེམས་ཡོད།

ཡར་ཀླུང་གཙང་པོའི་རབ་ཁ་ནས།

ཉི་ཟླ་རྭ་བར་ན་ཁུར་བའི་འབྲོང་ཁྱུ་ཞིག་བཤར་སོང་།

རྨིག་པས་རི་ཐང་དཀྲོག་པའི་སྐྱ་དམག་ཅིག་བཞུད་སོང་།

སྐྲ་དཀར་གྱི་ཉག་མ་རེ་རེར་འཚོ་བའི་དྲན་པ་སྦྲུམ་པའི།

སྙིང་ཉེ་བའི་ཨ་མའི་ཚེ་གཅིག་གི་སྨོན་པ་ཡིན་པའང་།

རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན།


ཉི་མ་ནམ་ཞིག་གི་ཚེ།

ང་ཡང་སྟ་གོན་དང་གྲ་སྒྲིག་ཅི་ཡང་མེད་པར།

ཤ་རུས་པའི་རྐང་ལ་ཟུག་ཅིང་།

གློ་མཆིན་པའི་གཏིང་ལ་སྦྲེལ་བའི།

མེས་པོ་རལ་བ་ཅན་ཞིག་གི་བྲང་སར་ཐིམ་འགྲོ།

འདི་ནི་ངས་ཕ་ཡུལ་གྱི་འབྱུང་བཞིར་བཞག་པའི།

མཐའ་མཇུག་གི་ལེགས་སྐྱེས་ཡིན།

རྒྱུ་མཚན། ཡར་ཀླུང་ན།

བཙན་པོའི་རྣམ་ཤེས་ཀྱིས་ང་ལ་རྒྱང་གཟིགས་མཛད་ཡོད།


  • ལེ་ཚན་སྔོན་མ།:སྐྱབས་འགྲོ་གསར་མ།
  • ལེ་ཚན་རྗེས་མ།:སྙིང་ཉེ་བའི་ཕུགས་བསམ་ལགས།