སྒེའུ་ཁུང་ཕྱི་རོལ་གྱི་ཕྱེ་མ་ལེབ།

སྦྲ་དུངས་སེམས།        2018-11-22

    ཁང་མིག་དེ་དག་གི་ཕྱོགས་སུ། ངས་རྒྱང་ལྟ་བྱས། ཁང་མིག་དེ་དག་མུན་ནག་གིས་ཡོངས་སུ་བཏུམས་ཟིན་པས། ངས་འཚོལ་བཞིན་པའི་ཁང་མིག་དེ། མུན་ནག་གིས་ཁྱུར་མིད་བཏང་སོང་བ་ཡིན་ནམ་མ་རྙེད། ཡིན་ན་ཡང་། སྒེའུ་ཁུང་ནང་གི་གློག་སྒྲོན་སྣ་ཚོགས། གསལ་ལྷང་མེར་མུན་པའི་ཁ་གཏད་དུ་འགྲེང་། སྒེའུ་ཁུང་གིས་རང་ཉིད་ཀྱི་བདག་པོ།མུན་ནག་གི་དཀྱིལ་དུ་བཏུམས་སུ་མ་བཅུག་པར། བློ་སེམས་གཅིག་ཏུ་བསྒྲིལ་སྟེ་མུན་པའི་ཁ་གཏད་དུ་ལངས། འོ་རེད་ཡཱ། ངས་འཚོལ་བའི་ཁང་མིག་གི་སྒེའུ་ཁུང་དེ། རྒྱུ་སྐར་དབུས་ཀྱི་ཟླ་བ་ལྟར་འཛུམ་མེར་མེར་འདུག དེའི་ཕྱིར། ཕྱེ་མ་ལེབ་སྐོར་ཞིག་མུན་ནག་ལ་བྱོལ་ཆེད། སྒེའུ་ཁུང་གི་ཕྱི་རོལ་ན་འཕུར་ལྡིང་བྱེད་ཀྱིན། ནང་དུ་འགྲོ་བའི་རེ་བ་སྙིང་ནས་འཆང་བཞིན་འདུག ངའི་གཟུགས་མེད་ཀྱི་རྣམ་ཤེས། འགོག་མ་ནུས་པར་ཁྱོད་ཀྱི་ཕྱོགས་སུ་ཤོར་ཡང་། སེམས་མེད་ཤེལ་གྱི་དྲ་མ་དེ་ཨུ་ཚུགས་ཆེ་དྲགས་པས། ནང་དུ་འགྲོ་རྒྱུའི་བསྐལ་བ་མ་མཆིས།།


  • ལེ་ཚན་སྔོན་མ།:ངས་འདི་ལྟར་འབད་པ་ཡིན།
  • ལེ་ཚན་རྗེས་མ།:འགྲུལ་བཞུད་ཐེངས་གཅིག་གི་མྱོང་བ།