བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

གདུགས་དཀར་ཚེ་རིང་གིས་བྲིས་ཤིང་པར་མཁོ་འདོན་བྱས།        2018-11-16

བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

རྒྱལ་ཚང་སྙིང་པོ་རྒྱལ། 

རིག་པའི་གནས་ལ་དཀའ་བ་འབུམ་གྱིས་བསྙེགས།

        རྒྱལ་ཚང་སྙིང་པོ་རྒྱལ་མཆོག་ནི་སྤྱི་ལོ་1930ལོར་ཡུལ་མདོ་སྨད་ཀྱི་རྡོ་སྦིས་དགུ་རུའི་རྒྱལ་ཚང་དུ་ཡབ་བསྟན་འཛིན་རབ་རྒྱས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འཁྲུངས་ནས་ཉིན་བདུན་འགོར་བའི་ཉིན་མོ་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་གི་ཉིན་མོར་འཁེལ་ཡོད། ཁ་དཔེར་བུ་སྐྱེས་པ་ལ་མིང་དང་། ཆང་དྲངས་པ་ལ་གཏམ་ཞེས་པའི་དཔེ་ལྟར། རྡོ་སྦིས་གྲྭ་ཚང་གི་དགེ་བཤེས་ཆེན་མོ་ཨ་ཁུ་བློ་གྲོས་རྒྱ་མཆོག་ལ་མིང་ཞིག་གནང་དགོས་པར་ཞུས་པའི་ལན་དུ། ཁོའི་ཨ་མའི་མིང་གི་ཟུར་དྲངས་ནས་སྙིང་པོ་རྒྱལ་ཞེས་གདགས་ན་ཤིན་ཏུ་བཟང་བར་གསུངས། དེ་ནས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དང་གཅིག བུ་འཁྲུངས་ནས་ཉིན་བདུན་འགོར་བ་དང་གཉིས། འཁྲུངས་འགོ་བུ་ཡིན་པའི་དགའ་བ་དང་གསུམ་སྟེ་མ་བསྒྲིགས་རང་འགྲིག་གི་བཀྲ་ཤིས་རྟེན་འབྲེལ་སུམ་འཛོམས་ཀྱི་དགྱེས་སྟོན་ཕུན་སུམ་ཚོགས་པ་ཞིག་སྤེལ། ཁོང་དགུང་ལོ་བདུན་ལ་སླེབས་པའི་སྐབས་མཱ་པུའུ་ཧྥང་གིས་ཡུལ་ཕྱོགས་དེར་གཉའ་གནོན་དང་བཤུ་གཞོག བཙན་འཛུལ་སོགས་ཡ་ང་བའི་དྲག་གནོན་བྱས་རྐྱེན་དམངས་ཀྱི་འཚོ་བ་ཧ་ཅང་དཀའ་ངལ་ཆེ། གཞན་ད་དུང་དམག་ཁྲལ་ཞིག་ཡུལ་ཕྱོགས་སོ་སོར་སྡུད་གྲབས་ཡོད་པ་ཁོང་གི་ཡབ་ཀྱིས་ཐོས་པ་ན། བུ་ཁྲིད་ནས་བླ་བྲང་གི་ཨ་ནེ་ཁྱི་ལོ་ཚང་ལ་བཅོལ། དེ་ནས་ཨ་ནེ་སྒྲོལ་དཀར་འཚོ་དང་བྲོས་ནས་བླ་བྲང་བོད་མིའི་སློབ་ཆུང་དུ་ཞུགས། ཡབ་ཀྱིས་སློབ་ཆུང་གི་འགོ་འདྲེན་ཨ་ཕ་ཨ་བློ་མཆོག་ལ་ལུག་ཤ་གཟུགས་གཅིག་ཕུལ་ནས་ངའི་བུ་འདི་དམག་འཁྲུག་ལ་བཤོལ་ཆེད་འདིར་སྐྱེལ་བ་ཡིན་སྟབས་ཐུགས་ལ་འཛིན་རོགས་ཞེས་ཞུ་བ་ཕུལ། ཨ་ཕ་ཨ་བློ་མཆོག་ནས་འདིར་བསྡད་པ་ནས་བཟུང་གཞན་གྱིས་གནོད་འཚེ་མེད། བཟང་གི སློབ་གྲྭར་ཞུགས་ན་རྗེས་སུ་མི་བདག་གཉིས་ཀར་གོ་ཆོད་པར་གསུང་། དེར་བརྟེན་སློབ་གྲྭ་དེར་ཞུགས་ནས་དགེ་རྒན་དབྱང་ཅཱན་ཡོན་དང་གསེར་ཚང་ཕུན་ཚོགས་བཀྲ་ཤིས། བོད་གཞུང་རྩེ་དྲུང་ལྷ་སའི་ཐུབ་བསྟན་བསྟན་འཛིན། དཀོན་མཆོག་སོགས་ཀྱི་ཞབས་ལ་གཏུགས་ནས་སློབ་སྦྱོང་ལ་འབད་བརྩོན་གནང་། ཁྱད་པར་དུ་བྲིས་པ་ཐུབ་བསྟན་བསྟན་འཛིན་ལགས་ཀྱི་སྐུ་མདུན་ནས་གཟབ་ཆེན་དང་གཟབ་ཆུང་། འབྲུ་ཆུང་དང་གཤར་མ། དཀྱུས་ཡིག་དང་འབྲུ་ཚ་སོགས་བསླབས། སྐབས་དེར་ན་གཞོན་ཡིག་མཁན་སྐོར་ཅིག་བྱུང་བ་ནི་ཁོང་དང་། བླ་བྲང་ཡིག་ཚགས་ཁང་གི་དྲུང་ཡིག་སྨོན་ལམ། དགོན་པའི་ཡིག་མཁན་ཡེ་ཤེས་རྒྱ་མཚོ། བསང་ཆུ་རྫོང་བོད་མིའི་སློབ་ཆུང་གི་འགོ་འདྲེན་སངས་རྒྱས་སོགས་ཡིན། བླ་བྲང་བོད་མིའི་སློབ་ཆུང་དུ་ལོ་ངོ་དྲུག་ལ་སློབ་སྦྱོང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ་སྐབས་ཐོག་དེའི་སློབ་མ་ཡོངས་ལས་སྦྱངས་འབྲས་ཨང་གཉིས་པ་བླངས་ནས་མཐར་ཕྱིན།


བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་དཔོན་དམུ་དགེ་བསམ་གཏན་སོགས་དང་ལྷན་དུ་བསྐྱོན་པའི་པར།


        སྤྱི་ལོ་1944ལོའི་དབྱར་ཁར་ཞཱ་ཧའོ་དམའ་རིམ་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་ནས་སློབ་གྲྭ་དེ་ནས་སློབ་སྦྱོང་བྱེད་པའི་སྐལ་བ་སྨིན། སློབ་གྲྭ་དེར་མཐར་ཕྱིན་ལ་ཉེ་བའི་སྐབས་སུ་སློབ་གྲྭའི་གཞུང་གྲོན་ལམ་ལུགས་དེ་སྒེར་གྲོན་ལམ་ལུགས་སུ་བསྒྱུར་བ་ན་ཁོང་གིས་སློབ་ཡོན་དང་འཚོ་བའི་གྲོན་དངུལ་མ་ཐེག་པར་སློབ་བཤོལ་མི་བྱེད་ག་མེད་བྱུང་། དེ་ནས་སློབ་གྲྭ་ནས་བུད་དེ་ཕ་ཡུལ་རྡོ་སྦིས་ལ་ལོག ཡབ་ཀྱིས་སྔ་འགྱུར་གསང་སྔགས་མཁས་ཆེན་མདོ་རྩེ་ཨ་ཁུ་ལྕགས་ལོ་ལགས་ཀྱི་དྲུང་དུ་བསྐྱལ་ནས་ཁོང་གི་སྲས་བྱམས་པ་རྒྱལ་དང་ལྷན་དུ་ཏག་ཏག་ལོ་ངོ་གཅིག་གི་ཡུན་ལ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། ས་སྐྱ་ལེགས་བཤད། དག་ཡིག་སྐྱ་རེངས་གསར་པ་སོགས་ལ་སྦྱངས་བརྩོན་ཡོད་མོད། འོན་ཀྱང་། སྐབས་དེར་ཡང་མ་པུའུ་ཧྥང་གིས་རྡོ་སྦིས་ཡུལ་ལ་དམག་ཁྲལ་བསྡུ་བར་ཡང་བསྐྱར་ཐོན་པས་ཡུལ་བྱོལ་ལ་ཆས།

        སྤྱི་ལོ་1946ལོའི་ཟླ་7པར་ག་ཅུ་ནུབ་བྱང་རྒྱལ་གཉེར་སློབ་གྲྭར་ཞུགས། སྐབས་དེའི་སློབ་གྲྭའི་དགེ་རྒན་མང་ཤོས་ནི་འཇར་པན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་སྐབས་ནང་ལོགས་ཀྱིི་ཤེས་ཡོན་པ་དང་སློབ་གྲྭ་ཆེན་མོ་བ་ཡུལ་བྱོལ་དུ་ཡོང་བ་རེད། ཁོང་ཚོ་ནི་ཡོན་ཏན་ཁུར་གྱིས་ལྗིད་པ་ཏག་ཏག་རེད། སྔ་རྗེས་སུ་སློབ་གྲྭ་དེར་རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་དང་རོལ་དབྱངས། གྲངས་རིག་དང་ལོ་རྒྱུས། དངོས་ལུགས་དང་རྫས་འགྱུར། འཕྲོད་བསྟེན་དང་ལུས་རྩལ་སོགས་སློབ་སྦྱོང་བྱས་ཏེ་བཟང་པོ་གསུམ་ལྡན་གྲས་སུ་ཚུད། དུས་རྒྱུན་དུ་ཁོང་དང་ལྷན་དུ་ཅོག་ཙེ་གཅིག་ཏུ་ཡོད་པའི་སློབ་གྲོགས་ཧུའུ་པེན་གཉིས་ཀྱིས་སྣུམ་སྒྲོན་འོག་ཏུ་རྒྱ་ནག་གི་གནའ་ཡིག་བརྡ་རྙིང་གི་རྩོམ་ཡིག་བློར་འཛིན་གྱི་ལས་ལ་གཞོལ། རྗེས་སུ་སློབ་མ་ཡོངས་ཀྱི་གྲལ་ནས་ཁོང་གིས་རྒྱ་ཡིག་ལམ་ནས་བྲིས་པའི་རྩོམ་ཡིག་ལ་སློབ་སྦྱོང་བྱེད་པའི་སྐོར་གསུང་བ་དང་། དེ་ལྟར་ཁོང་གི་རྒྱ་ཡིག་གི་རྩོམ་ཡིག་དང་ཀུན་སྤྱོད་ལ་དགེ་སློབ་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཡུལ་དུ་གྱུར། རྗེས་སུ་མཱ་པུའུ་ཧོང་དང་བཅིངས་འགྲོལ་དམག་གཡུལ་ལན་མང་འགྱེད་མཐར་མཱ་པུའུ་ཧོང་ཕམ་ཉེས་བྱུང་། ཁོང་ཡང་སྐུ་ཞབས་དབྱང་ཧི་ཐིན་་གྱི་རེ་བ་ལྟར་ལས་བྱེད་པའི་གྲས་སུ་ཞུགས། སྤྱི་ལོ་1951ལོའི་ཟླ་9པར་ཀྲུང་དབྱང་ནུབ་བྱང་ཅུའུ་ཡི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འདྲེན་བང་ཧན་གྱིས་ཞིང་ཆེན་གསུམ་གྱི་མཐའ་མཚམས་ས་ཁུལ་གྱི་ས་སྐྱོང་དང་བླ་མ། དཔོན་པོ་སུམ་ཅུ་བཞི་ཅུ་ལྷག་བླ་བྲང་བཀྲ་ཤིས་འཁྱིལ་ལ་འཚོགས་སྐབས་ནས་བོད་རང་སྐྱོང་ལྗོངས་ཤར་མ་འཛུགས་གྲབས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་ཏེ་འཚོགས་འདུའི་འགོ་མཇུག་བར་གསུམ་གྱི་ལོ་ཙཱ་བའི་འགན་བཞེས།

འགྲོ་དོན་འཕྲིན་ལས་བོད་ཁམས་ཡོངས་ལ་སྤེལ།

བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

སྤྱི་ལོ1954ལོར་ལན་གྲུ་ནས་བསྐྱོན་པའི་འདྲ་པར།


        སྤྱི་ལོ་1958ལོའི་ཟླ་3པའི་ཚེས་མགོར་ཁོང་ཀན་སུའུ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀན་ལྷོ་ཟིང་འཁྲུགས་ཞི་འཇགས་ལས་བྱེད་ཙུའུ་ལ་མངགས་ཏེ་གཙོས་ནས་བསྡད། ཟླ་5པར་བླ་བྲང་དགོན་པའི་ལས་བྱེད་ཙུའུ་ལ་མངགས། སྐབས་དེར་བླ་བྲང་ན་ལས་བྱེད་ཙུའུ་གསུམ་ཡོད་དེ། གཅིག་ནི་བླ་གྲྭ་དག་ཐེར་བྱེད་པའི་ལས་བྱེད་ཙུའུ་དང་། གཉིས་ནི་གཞུང་བཞེས་ལས་བྱེད་ཙུའུ། གསུམ་ནི་ཀུན་མཁྱེན་བླ་བྲང་གི་ལས་བྱེད་ཙུའུ་བཅས་ཡིན་ཞིང་། ཁོང་ནི་ཀུན་མཁྱེན་བླ་བྲང་གི་ལས་བྱེད་ཙུའུ་ཡི་འགོ་འདྲེན་གཞོན་པ་ཡིན། ཏག་ཏག་སྐབས་དེར་ཀུན་མཁྱེན་རིན་པོ་ཆེའི་སྐུ་འཁོར་ཐམས་ཅད་བརྗེས་ཟིན། སྐབས་དེར་ཁོང་གིས་ཀུན་མཁྱེན་རིན་པོ་ཆེའི་གསོལ་གཟིམ་དང་། ཕེབས་བཞུགས། ཞལ་ཟས་འཕྲོད་བསྟེན། སྐུ་གཟུགས་བདེ་ཐང་ལ་རྒྱུན་དུ་ཐུགས་སྐྱོང་གནང་བཞིན་ཡོད།


བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།གུང་ཐང་བསྟན་པའི་དབང་ཕྱུག་དང་ལྷན་དུ་ཕེབས་བཞིན་པ།


        ཟིང་འཁྲུགས་ཆེན་མོའི་སྐབས་སུ་ཁོང་གིས་དབུས་སྲིད་གཞུང་ལ་ཕུལ་བའི་རེ་ཞུ་ཡི་གེ་དོན་ཚན་ཆེན་མོ་བཞི་ཅན་གྱི་དོན་ཚན་གཉིས་པ་དེ་གཙུག་ལག་ཁང་དང་ནང་ཆེན། གྲྭ་ཤག་རྣམས་ཀྱི་ཤུལ་དུ་བསྟན་བཅོས་མང་པོ་དང་གླེགས་ཐུམ། གསེར་དངུལ་ཟངས་གསུམ་གྱི་སྐུ་བརྙན་དམག་མི་དང་ལས་བྱེད་པས་གང་འདོད་འཁྱེར་བཞིན་ཡོད་པ་རྣམས་ལ་བདག་དམ་བྱེད་རྒྱུའི་རེ་ཞུ་ཕུལ། ཉིན་ཉི་ཤུའི་རྗེས་སུ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དབུས་སྤྱི་བདེ་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཡིག་ཆ་ཐོན་ནས་བདག་དམ་བྱེད་དགོས་པའི་ལན་བཏབ། དེ་འཕྲལ་ཁོང་གིས་དགེ་བཤེས་བགྲེས་གཞོན་སུམ་ཅུ་ལྷག་དང་གྲྭ་བཙུན་ན་གཞོན་ལྔ་བཅུ་ལྷག་ལ་བཀོད་སྒྲིག་གནང་ནས་ནང་ཆེན་དང་གྲྭ་ཤག དགེ་བཤེས་རྒན་བགྲེས་རྣམས་ཀྱིས་གླེགས་བམ་དག་སྒྲིག་བྱེད་པ། གྲྭ་བཙུན་གཞོན་གསར་རྣམས་ཀྱིས་གླེགས་བམ་བསྡུ་རུབ་བྱེད་པར་བཀོད་སྒྲིག་གནང་ཤིང་། བསྡུ་ཡུལ་གཙོ་བོ་ནི་གྲྭ་ཚང་སོ་སོའི་འདུ་ཁང་དཔེ་མཛོད་ཁང་། གཙུག་ལག་ཁང་།  ནང་ཆེན་སོ་སོའི་ཚོམས་ཆེན། བླ་སྤྲུལ་སོ་སོའི་དཔེ་མཛོད་ཁང་། གྲྭ་ཤག་སོ་སོའི་དཔེ་སྒྲོམ་བཅས་ཀྱི་དཔེ་ཆ་གཅིག་ཀྱང་མ་ལུས་པར་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཁྱོན་དུས་ཡུན་ཟླ་ངོ་བཞི་ལྔ་ཙམ་གྱི་རིང་ལ་ཆོས་སྡེ་ཆེན་མོ་དེར་བཞུགས་པའི་རྒྱལ་བའི་བཀའ་དང་བསྟན་བཅོས། རིག་གནས་སྤྱི་དང་བྱེ་བྲག་ཀུན་གྱི་གསུང་རབ་གླེགས་བམ་དུས་འཁོར་འདུ་ཁང་དུ་ཞུས་ནས་བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག་སྟོད་སྨད་གཉིས་སུ་ཕྱེས་ནས་ས་ནས་ཡར་མི་ལོན་པ་དེ་བསྒྲིགས་སོ༎ ཁོང་གིས་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དང་ཀུན་མཁྱེན་རིན་པོ་ཆེ། དུང་དཀར་བློ་བཟང་འཕྲིན་ལས། བསེ་ཚང་བློ་བཟང་དཔལ་ལྡན། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། རྗེ་འཇམ་དབྱངས་རྒྱ་མཚོ། ཨ་ལགས་དོར་ཞི་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་པོས་བཀས་གཟེངས་བསྟོད་དང་ཕྱག་བྲིས་གནང་ནས་ཁོང་གི་ཕྱག་རྗེས་ལ་རྗེས་སུ་ཡི་རངས་ཞུས་ཡོད།


བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

བསེ་ཚང་བློ་བཟང་དཔལ་ལྡན་དང་ལྷན་དུ་བསྐྱོད་པའི་པར།


        གཞན་ད་དུང་སྐབས་དེའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་ཤིང་ཆེན་མོ་དང་། ཚོགས་ཆེན་སླ་ང་། སྨན་པ་གྲྭ་ཚང་གི་འདུ་ཁང་དང་། རྟེན་དང་བརྟེན་པ། ཁྲོ་བོའི་བཀའ་འགྱུར་གསེར་བྲིས་མ་སོགས་སྲུང་སྐྱོབ་མཛད་ནས་ཐལ་བའི་རྡུལ་དུ་བརླག་མ་བཅུག་གོ །

        སྤྱི་ལོ་1960ལོར་ཀན་སུའུ་ཞིང་ཆེན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱིས་ཁོང་ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་འགོ་འདྲེན་གཞོན་པར་བསྐོས། ཁོང་ལས་ཁུངས་དེར་སྤོས་མ་ཐག་དེར་བོད་སོག་སྐད་ཡིག་རྩོམ་བསྒྱུར་ཁང་གསར་དུ་བཙུགས་ཤིང་ལས་ཁུངས་དེའི་འགོ་འདྲེན་གྱི་འགན་བཞེས། སྐབས་དེའི་ཡོན་ཏན་པ་ཆེན་མོ་ཨ་ལགས་གླིང་ཚང་དང་ཨ་མཆོག་མཚན་ཉིད་དགོན་པའི་ཨ་ཁུ་འཇམ་དབྱངས་རྣམ་གཉིས་བོད་ཡིག་གི་ཞུས་ཆེན་དུ་གདན་དྲངས། བོད་ཡིག་རྩོམ་སྒྱུར་རྣམ་པ་གསུམ་དུ་ལེགས་པར་བསྒྲུབས་པ་ལས། གཅིག་ནི་ཀན་སུའུ་ཞིང་ཆེན་གྱི་བོད་ཡིག་དུས་དེབ་ཐོག་མ《འབྲོག་ཁུལ་གྱི་འཚོ་བ།》ཟླ་རེར་ཐེངས་རེར་སྤེལ་བ་དང་། གཉིས་ནི་ཀན་སུའུ་ཞིང་ཆེན་གྱི་བོད་སྐད་ཀྱི་རྒྱང་སྒྲོག་ཐོག་མ། གསུམ་ནི་ཀན་སུའུ་ཞིང་ཆེན་གྱི་དམངས་ཆེན་དང་སྲིད་གྲོས་ཚོགས་འདུའི་དགོངས་དོན་སོགས་བོད་སྐད་དུ་ལོ་ཙཱ་བྱས་ནས་རིག་གནས་གསར་བརྗེ་ཆེན་མོའི་ལས་མ་བསླེབ་བར་རྒྱུན་མ་ཆད་པར་བསྒྲུབས།


རྗེས་རབས་གསལ་བའི་མཛད་རྗེས་བླ་ན་མཐོ།

བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

བོད་ཀྱི་རི་མོ་བ་སྟག་ལྷ་ཚེ་བརྟན་གྱི་ལས་ཤག་ནས་གཙོ་སྒྲུབ་བྱས་པའི་ཀན་སུའུ་ཞིང་ཆེན་གྱི་སྐབས་དང་པོའི་ཐང་ག་སྒྱུ་རྩལ་རྒྱས་འགྲེམ་སྟེང་དུ་ཤིས་ཚིག་ཕྱག་བསྟར་གནང་བཞིན་པ།


        སྤྱི་ལོ་1973ལོ་ནས་བཟུང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་འགོ་འདྲེན་སྐུ་གཞོན་གྱི་འགན་བཞེས་ནས་སྔོན་གྱི་བསྟན་བཅོས་དཀོན་གྲས《མདོ་སྨད་ཆོས་འབྱུང་།》《ཐུའུ་བཀྭན་གྲུབ་མཐའ།》《རིགས་ལམ་འཕྲུལ་ལྡེ།》《བརྡ་སྤྲོད་བློ་གསལ་དགའ་སྟོན།》《ཚངས་སྲས་བཞད་པའི་སྒྲ་དབྱངས།》《ཐོན་མི་ཞལ་ལུང་།》《བརྡ་སྤྲོད་བློ་གསལ་དགའ་སྟོན།》《གསེར་ཏོག་སུམ་རྟགས།》གཞན་ད་དུང་སྒྲུང་དཔེ་དུ་མ་པར་དུ་བསྐྲུན།


བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ལྷན་དུ་བགྲོ་གླེང་གནང་བཞིན་པ།


        སྤྱི་ལོ་1983ལོར་ཁོང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འགོ་འདྲེན་སྐུ་གཞོན་གྱི་འགན་བཞེས། སྐབས་དེར་ཁོང་གིས་སྲིད་འབྱོར་དང་དགེ་རྒན་ཆ་རྐྱེན་ལ་གཞིག་ནས་ཞིབ་འཇུག་སློབ་མའི་ཁ་གྲངས་ཇེ་མང་དུ་གཏོང་བའི་ཐབས་ལ་འབད་ཅིང་། རྗེས་ནས་དབུས་སྲིད་གཞུང་སློབ་གསོ་པུའུ་ལ་ཡར་ཞུ་ཞུས་པ་ན། དབུས་སློབ་གསོ་པུའུ་ནས་ངེས་པར་དུ་ཞིབ་འཇུག་སློབ་མར་སྤྲོད་སྐབས་ཕྱི་ཡིག་ལ་དབྱིན་ཡིག་དང་ཉི་ཧོང་སྐད་ཡིག་འཇོག་དགོས་པའི་བཀའ་འཁྲོལ། ཁོང་གིས་སྐབས་དེའི་ཡར་སྔོན་ལ་བོད་རིགས་འདུས་སྡོད་བྱས་པའི་ལྗོངས་དང་ཞིང་ཆེན་ལྔ་གང་དུའང་དབྱིན་ཡིག་དང་ཉི་ཧོང་སྐད་ཡིག་སོགས་བསླབ་སྦྱངས་བྱེད་པའི་ལམ་སྲོལ་འཐུས་ཚང་ཞིག་ཡེ་ནས་མེད་པར། བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གཅིག་ཡར་སྔོན་ནས་བཟུང་ཕྱི་ཡིག་ལ་ལེགས་སྦྱར་སྐད་ཡིག་སྦྱོང་བཞིན་པའི་གནས་ཚུལ་རྣམས་ནན་ཞུས་གསལ་པོར་མཛད། སློབ་གསོ་པུའུ་ནས་ཁོང་གི་རེ་ཞུས་དང་དུ་བླངས་ནས་བོད་རིགས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་སུ་རྒྱུགས་སྤྲོད་ཚེ་ཕྱི་ཡིག་ལ་ལེགས་སྦྱར་སྒྲ་རིག་པར་བཅོས། དེ་ནས་ལོ་དེར་བོད་ཡིག་གི་ཞིབ་འཇུག་སློབ་མ་བཅོ་ལྔ་བསྡུས་ཤིང་། དེ་དག་ནི་དེང་རབས་བོད་ཀྱི་སློབ་གསོའི་ལས་གནས་སུ་རྐང་འཛིན་དཔུང་སྡེ་རུ་གྱུར་བའི་ཁ་སྒང་བཀྲ་ཤིས་ཚེ་རིང་། གོ་ཤུལ་གྲགས་པ་འབྱུང་གནས། ཀླུ་ཚང་རྡོ་རྗེ་རིན་ཆེན། བན་གོ ལྷ་མཆོག་རྒྱལ་སོགས་དང་། དེའི་འཕྲོར་སློབ་མ་ཆབ་འགག་རྟ་མགྲིན་སོགས་བསྡུས་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་རིག་གནས་ཀྱི་རྐང་ཚུགས་པར་བྱས། ཁོང་གིས་སྤྱི་ལོ་1985ལོའི་ཟླ་དང་པོར་རྒན་དམ་པ་མཁས་པའི་དབང་པོ་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་ལ་ཁྱེད་ལ་རྒྱལ་སྲིད་སྤྱི་ཁྱབ་པུའུ་ཡི་རིག་རྩལ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་པའི་ཆོ་ལོ་མངའ་སྟབས། ང་ཚོའི་སློབ་གྲྭར་འབུམ་རམས་པའི་སློབ་མ་བསྡུ་བ་ཁྱོད་ཀྱི་མཚན་ཐོག་ནས་ཕུལ་ན། གོང་རིམ་གྱིས་ཆོག་མཆན་གནང་ངེས་རེད་ཅེས་ཞུས་པར། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས། དེ་ནི་སྙིང་སྟོབས་དང་ལྡན་པའི་འཆར་གཞི་ཞིག་རེད། ང་རང་དེ་ལ་ཤིན་ཏུ་འཐད་པ་ཡིན་པར་གསུངས་འབྱོན། དེ་ནས་སླར་ཡང་ཁྱེད་ཀྱིས་གཟིགས་ན་འབུམ་རམས་པའི་བསླབ་ཚན་གང་བྱས་ན་འགྲིག་གམ་ཞེས་པར་ཁོང་གིས་ངས་བལྟས་ན་བོད་གངས་ཅན་གྱི་སྒྲ་རིག་པ་འོ་ད་ཧ་ཅང་གཙིགས་སུ་འཛིན་དགོས། དེང་སང་ཆོས་སྡེ་རྣམས་སུའང་སྒྲ་སྦྱོང་བའི་བརྩོན་འགྲུས་ཇེ་ཞན་དུ་སོང་བས། དེང་དུས་ཀྱི་སློབ་གྲྭ་འདི་འདྲ་ནས་སྒྲ་ཆེད་གཉེར་དུ་སྦྱངས་ན། བོད་ཀྱི་རིག་གནས་དར་སྤེལ་གཏོང་བ་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེང་སང་སློབ་གྲྭ་ལ་ལར་སྒྲ་རིག་པ་སྦྱངས་དགོས་པའི་གཏམ་ཙམ་ཡང་མེད་པར་མ་ཟད། དགེ་རྒན་སྐོར་ཞིག་གིས་སྒྲ་དེ་རྒྱ་གར་བའི་སྦྱངས་བྱ་ཞིག་རེད། དེང་སང་བོད་ལ་དེ་དག་དགོས་པ་མེད་བསམ་བཞིན་འདུག ངས་བལྟས་ན་དེ་ལྟར་བཤད་པ་མི་འགྲིག རྒྱུ་མཚན་གང་ཞེ་ན། སློབ་དཔོན་ཐོན་མིས་བོད་ཡིག་ཐོག་མར་བཟོ་དུས། ལེགས་སྦྱར་གྱི་སྒྲའི་དབྱངས་གསལ་ལ་སྒོ་བསྟུན་ནས་བོད་ཀྱི་དབྱངས་གསར་བཟོ་མཛད་པ་རེད། ལེགས་སྦྱར་གྱི་སྒྲ་དང་བོད་ཀྱི་སུམ་རྟགས་གཉིས་ལ་འབྲེལ་བ་དམ་པོ་ཡོད། སྒྲ་ཅུང་ཙམ་ཡང་མ་སྦྱངས་པར་སུམ་རྟགས་ལ་མཁས་ཟེར་བ་ནི་ཕྱོགས་གཅིག་མཐོང་བ་དང་ཕྱོགས་གཞན་ཞིག་མ་མཐོང་བའི་གཡག་ཞར་གྱིས་རྩྭ་ཟ་བ་ལྟ་བུ་རེད་སོགས་གསུངས་གསེར་ནག་གི་ཐིགས་པ་འདྲ་བ་མང་པོ་འབྱོན། དེ་ནས་ཁོང་གིས་གོང་རིམ་ལ་འབུམ་རམས་པའི་སློབ་མ་བསྡུ་རྒྱུའི་རེ་ཞུ་ཡི་གེ་བྲིས་ཚར་ནས་ཡར་སྤྲོད་ལ་ཉེ་སྐབས། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་བླ་བྲང་བཀྲ་ཤིས་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་པས། སློབ་གྲྭའི་བོད་ཡིག་གི་འབུམ་རམས་པའི་སློབ་མ་བསྡུ་བའི་འཆར་གཞི་དེ་ཕྱི་བཤོལ་མི་བྱེད་ག་མེད་དུ་གྱུར།

        སྤྱི་ལོ་1986ལོར་བོད་སྐད་ཡིག་གི་གྲངས་རིག་ཆེད་སྦྱོང་འཛིན་གྲྭ་ཐོག་མར་བསྡུས་ཤིང་། དེའི་ཕྱི་ལོར་བོད་སྐད་ཡིག་གི་དངོས་ལུགས་འཛིན་གྲྭ་ཐོག་མར་བཙུགས་ནས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་ཆེད་གཉེར་ཐད་ལ་བྱ་བ་མང་པོ་བསྒྲུབས།


བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

སྤྱི་ལོ1987ལོའི་ཟླ11པར་ཨ་པ་ཨ་བློ་དང་ལྷན་དུ་བླ་བྲང་བོད་མིའི་སློབ་ཆུང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་ལ་རོལ་བཞིན་པ།


        དེ་ལྟར་ཁོང་གིས་ནུབ་བྱང་མི་རིགས་སློབ་ཆེན་གྱི་འགོ་འདྲེན་སྐུ་གཞོན་གྱི་འགན་བཞེས་སྐབས་སློབ་གྲྭའི་ཞིབ་འཇུག་སློབ་མ་གཉའ་གོང་དཀོན་མཆོག་ཚེ་བརྟན་དང་དགེ་རྒན་ཁྲི་བསམ་གཏན། དགེ་རྒན་ཡུས་ཧོང་ཀྲུ་སོགས་ཀྱིས་ཀན་སུའུ་ཞིང་ཆེན་རྩིས་འཕྲུལ་ལྟེ་གནས་ཀྱི་རྩིས་འཁོར་ལག་རྩལ་པ་དང་བསྡོངས་ནས་བོད་ཡིག་དབྱངས་གསལ་འཕུལ་རྟེན་མགོ་འདོགས་སོགས་ཨང་ཀིར་བསྒྱུར་ནས་བོད་ཡིག་སྤྱོད་ཆོག་པའི་རྩིས་འཁོར་མཉེན་ཆས་ཤིག་བསྐྲུན་པ་དེར་ཁོང་གིས་རྒྱབ་སྐྱོར་གང་ལེགས་གནང་ནས་ཆེད་དོན་ཚོགས་འདུ་བསྡུས། རྗེས་སུ་རྩིས་འཁོར་མཉེན་ཆས་འདིར་ཀན་སུའུ་ཞིང་ཆེན་ཚན་རིག་གསར་སྐྲུན་རྣམ་གྲངས་གལ་ཆེན་གྱི་གོ་གནས་འཐོབ་པ་དང་། བོད་ཡིག་རྩིས་འཁོར་འཕྲུལ་ཆས་གྱི་ཆེད་ལས་ཞིབ་འཇུག་སློབ་མ་མང་པོ་བསྡུས་ནས་རྒྱལ་ཁབ་ཀྱི་ཚན་རིག་ཡར་ཐོན་བྱ་དགའ་ཨང་གཉིས་པ་གནང་།

        ཕྱིས་སུ་ཁོང་དང་དཔའ་རིས་སངས་རྒྱས་རྣམ་གཉིས་ཀྱི་ཐུགས་བཀོད་ལ་བརྟེན་ནས་ཨ་ལགས་དོར་ཞི་རིན་པོ་ཆེ་དང་ཨ་ཁུ་བསམ་འགྲུབ་རྒྱ་མཚོ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། ཆུ་སྐྱེས་དགེ་འདུ་བསམ་གཏན་བཅས་སློབ་གྲྭར་ཞུས། གཞན་ཡང་རྗེ་ཤར་གདོང་རིན་པོ་ཆེ་ཚང་དང་རྔ་བའི་ཤེས་རབ་རྣམས་ཞུས་ནས་འཆད་ཁྲིད་གང་མང་གནང་ནས་སློབ་མ་རྣམས་ཀྱི་ནང་བསམ་བློ་དང་ཀུན་སྤྱོད་ཀྱི་ཐད་བསླབ་བྱ་གང་མང་གནང་མྱོང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་གསར་དུ་བཏོན་པ་དང་དགེ་རྒན་དང་སློབ་མ་རྣམས་ཀྱི་རྩོམ་བཟང་པོ་འགོད་པའི་རྩོམ་སྟེགས་ཤིག་བསྐྲུན། དེང་སྐབས་རིག་གཞུང་དུས་དེབ་དེ་རྒྱལ་ཁབ་ཕྱི་ནང་གཉིས་ལ་བཀྲམ་ཆོག་པར་མ་ཟད། རྒྱལ་ཡོངས་ཕུལ་བྱུང་རིག་གཞུང་དུས་དེབ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་རིགས་ཀྱི་ཕུལ་བྱུང་དུས་དེབ། རྒྱལ་ཡོངས་ཀྱི་ཆེས་ལེགས་པའི་དུས་དེབ་ཀྱི་ཆོ་ལོ་མང་པོ་བསྩལ་ཡོད་དོ།།


བོད་ཀྱི་རིག་གནས་ལ་བྱས་རྗེས་བླ་ན་མཐོ་བའི་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྣམ་རགས་བསྡུས།

རྩོམ་པ་པོ་དང་ལྷན་དུ་བསྐྱོན་པའི་པར།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 

  • ལེ་ཚན་སྔོན་མ།:གངས་དཀར་སྲས་མོ།
  • ལེ་ཚན་རྗེས་མ།:དམངས་ཁྲོད་ནས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག
  • དོ་སྣང་ཆེ་བའི་རྩོམ།