སྔོན་པོ།༼ཞར་བཀོད་གཉིས།༽

མིག་ནག་པོ།        2018-11-15

ཉི་ནུབ་ནི་མཛེས་མ་ཞིག་རེད།

སྒྲེན་མོར་གང་སར་རྒྱུ་བའི་མཛེས་མ་ཞིག་རེད།

མྱོས་བུམ་གཉིས་ལས་འོ་མ་འཕྱོ་བ་ཡང་།

ཉི་ཐིག་གང་སར་ཁྱབ་པའི་ཆ་དེ་རེད།

ཁྱོད་ཀྱི་ནང་སེམས་ན།

སྡིག་སྒྲིབ་ཀྱི་མེ་ཏོག་ཅིག་བཞད་ཡོད།

འདབ་ལོ་རེ་རེར་ཞེ་སྡང་གི་ཆ་ཡོད་སྲིད་ལ།

བརྩེ་དུངས། ཞེ་འདང་།

འབྲལ་མི་ཕོད་པའི་ཆ་ཡང་ཡོད་ངེས།

མེ་ཏོག་སྔོན་པོ་དེ།

ཁྱོད་མཚོན་པའི་ཐ་སྙད་ཀྱི་གསེང་དུ་སྦས་ཡོད།

མ་རེད།

དུ་བ་རྐང་གཅིག་དང་མཉམ་དུ་རྔུབ་ཀྱིན་ཡོད།

 

ཤིན་ཏུ་གཉོམ་པའི་གླུ། 

རྒྱུད་སྐུད་ཆད་པའི་སྒྲ་ལས།

ཉམས་ཐག་པའི་སེམས་ཅན་གྲངས་ཀྱིས་རང་ཚིག་བོར།

སྐྱེ་བ་གཅིག་རྫོགས་རྗེས་ཀྱི་དེ་རིང་།

སླར་ཡང་། རྒྱུད་སྐུད་ཆད་པའི་སྒྲ་ལས།

སེམས་ཅན་གྲངས་མེད་ཅིག་གིས་རང་ཉིད་བོར།

 

མངའ་རིས་སྒྲ་སྙན་གྱི་དབྱངས་རྟའི་ཁྲོད་ན་མི་འདུག

བྲེ་སེར་འབྲོང་གི་རྭ་རྩེ་ན་མི་འདུག

བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཚིག་ནང་ན་མི་འདུག

ཕོ་མོའི་བརྩེ་དུང་གི་མིག་ཆུའི་གསང་ན་མི་འདུག

 

ཨོ། ངས་རང་ཉིད་གནའ་ནས་བོར་ཟིན།

ད་ནི་བཙལ་ཀྱང་མི་རྙེད་པའི་གནས་སུ་ལྷུང་།

 

འཆི་མེད་སྒྲོལ་མ། 

ཁྱོད་ཀྱི་ནམ་མཁའ་ནི།

སྔོན་པོ་ཁོ་ན་ལས་གྲུབ་པ་ཞིག་རེད།

ཁ་དོག་དཀར་དམར་ཀྱི་ཆ་རྩ་བ་ནས་མེད་པ་ཞིག་ཀྱང་མ་རེད།

 

ཉི་ནུབ་ནི་ཁྱོད་དང་འདྲ་བར་ཆེས་མཛེས་སྡུག་ལྡན་པ་ཞིག་རེད།

བདག་གི་ས་སྲོད་ཀྱི་སྤྲིན་པར་ཁེར་ལབ་མང་པོ་ཞིག་བརྒྱབ།

སྟོང་འདང་གི་རྨི་ལམ་ཞིམ་པོ་ཞིག་ཀྱང་རུམ་ཡོད།

 

ཞེ་འདང་། བརྩེ་དུངས། ཁེར་རྐྱང་། སྡུག་བསྔལ།

ཐ་སྙད་རེ་རེ་ཡི་གསེང་དུ་ངས་བརྗོད་དཀའ་བའི་གཏམ་རྒྱུད་སྦས་ཡོད།

 

འཆི་མེད་སྒྲོལ་མ།

ཉིན་དང་མཚན་ལ་དབྱེ་བ་མེད་པར།

ཁྱོད་རང་བདག་གི་སྙན་དག་གི་སྲོག་ལ་ཞུགས་པར་སྨོན།


  • ལེ་ཚན་སྔོན་མ།:ཆུང་མ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་མཛེས་ལྗོངས།