རྡོ་རྗེ་རབ་བརྟན་གྱིས་ནན་གསུང་འདི་འདྲ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2018-11-13

ཟླ་བ11པའི་ཚེས11ཉིན་གྱི་སྔ་དྲོར་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ། སི་ཁྲོན་ཞིང་ཆེན་གྱི་འབྲི་ཆུའི་ཆུ་བསྐྱིལ་མཚེའུ་ཡི་གནོད་འཚེ་འཕྲལ་སྒྲུབ་ཉེན་སེལ་བཀོད་འདོམས་པུའུའི་བཀོད་འདོམས་འགོ་འཛིན་རྡོ་རྗེ་རབ་བརྟན་གྱིས་དཔལ་ཡུལ་རྫོང་དུ་གཙོ་འགན་བཞེས་ནས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ཉེ་དུས་སུ་ཉེན་སེལ་དོན་འཁྱོལ་གནས་ཚུལ་ལ་ཕྱོགས་བསྡོམས་དང་ལྟ་སྐུལ་ཞིབ་བཤེར་གནང་བ་དང་། གནོད་འཚེ་གནས་ཚུལ་གསར་ཤོས་ལ་ཞིབ་འཇུག་དང་དཔྱད་གཅོད་གནང་ཞིང་། སྔར་ལྷག་གིས་རྒྱལ་ཁབ་དང་ཞིང་ཆེན་གྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་དང་མཉམ་འབྲེལ་བཀོད་འདོམས་པུའུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། འཕྲལ་སྒྲུབ་ཉེན་སེལ་ལས་ཀ་དེ་བས་ཞིབ་ཏུ་གཏོང་བ་དང་ཡང་བསྐྱར་བཀོད་སྒྲིག་མཛད་པ་རེད། རྡོ་རྗེ་རབ་བརྟན་གྱིས་དེང་སྐབས་ནི་ཉེན་སྐྱོབ་གནོད་སེལ་ལས་ཀ་གཉེར་བའི་གནད་འགག་དུས་སུ་སླེབས་པས། རིམ་པ་ཁག་དང་སྡེ་ཁག་སོ་སོ། ཉེན་སྐྱོབ་གནོད་སེལ་ནང་ཞུགས་པའི་མི་སྣ་ཡོངས་ཀྱིས་སྟེར་དབང་གི་བསམ་ཚུལ་དང་སྒྱིད་ལུག་གི་བསམ་ཚུལ་སྤུ་ཙམ་ཡོད་མི་རུང་། ངེས་པར་དུ་སྔ་ལས་ལྷག་པར་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བྱ་ཐབས་ཞིབ་པོར་བཟོས་པ་དང་འགན་འཁྲི་ནན་བཀྲིས་དགོས་པ། མཐའ་གཅིག་ཏུ་ཉེན་མེད་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེའི་གྱོང་གུན་ཉུང་དུ་གཏང་དགོས།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། གནོད་སྐྱོབ་གཡུལ་སའི་བཀོད་འདོམས་པུའུའི་བཀོད་འདོམ་འགོ་འཛིན་ཞའོ་ཡིའུ་ཚའེ་ཚོགས་འདུའི་ནང་ཞུགས་ཤིང་འབྲེལ་ཡོད་གནས་ཚུལ་ངོ་སྤྲད་བྱས། ཞིང་ཆེན་ཆུ་བེད་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ལིའང་ཅུན་ཚོགས་འདུའི་ནང་ཞུགས་ཤིང་འབྲེལ་ཡོད་ལས་ཀ་སྙན་སེལ་ཞུ་ཞིང་ལས་ཀའི་གྲོས་གཞི་ཕུལ་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། ཉེན་སྐྱོབ་གཡུལ་སའི་བཀོད་འདོམས་པུའུའི་བཀོད་འདོམས་འགོ་དཔོན་གཞོན་པ་ཧྲུའུ་ཏ་ཁྲུན་དང་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་ཚོགས་འདུའི་ནང་ཞུགས་ཡོད། ཁུལ་དཔོན་གཞོན་པ། དཔལ་ཡུལ་རྫོང་ཏང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ་ཚོགས་འདུའི་ནང་ཞུགས་ཤིང་དཔལ་ཡུལ་རྫོང་གི་འཕྲལ་སྒྲུབ་ཉེན་སེལ་ལས་ཀའི་གནས་ཚུལ་གསར་ཤོས་སྙན་སེང་ཞུས་པ་རེད།

རྡོ་རྗེ་རབ་བརྟན་གྱིས་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་དང་ལས་ཀའི་གྲོས་གཞི་གསན་འཇོག་གནང་རྗེས་སྔར་ལྷག་གིས་འཕྲལ་སྒྲུབ་ཉེན་སེལ་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་ཐད་ལ་བཀོད་སྒྲིག་མཛད་པ་རེད། ཁོང་གིས་རིམ་ཁག་དང་སྡེ་ཁག་སོ་སོས་མཐའ་གཅིག་ཏུ་མགྱོགས་མྱུར་དང་ཁྱོན་ཡོངས་ནས་ནུས་ལྡན་གྱིས་མཉམ་འབྲེལ་བཀོད་འདོམས་པུའུ་ཡིས་གཏན་ཁེལ་བྱས་པའི་ཉེན་སེལ་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཐའ་གཅིག་ཏུ་ཉེན་ཡོད་མང་ཚོགས་དང་ཉེན་སེལ་བྱ་ཡུལ་དངོས་ཀྱི་ཉེན་སྐྱོབ་མི་སྣའི་ཚེ་སྲོག་ཉེན་མེད་ཡོང་བར་ཁག་ཐེག་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་ཐེངས་འདིའི་གནོད་འཚེ་ཡིས་མང་ཚོགས་རྒྱུ་ནོར་དང་འབྲེལ་ཡོད་ཁེ་ལས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བཅས་ལ་ཤུགས་རྐྱེན་བཟོ་ཤུགས་ཆུང་དུ་གཏོང་ཞིང་། ཁྱོན་ཡོངས་ནས་འབྱུང་ཉེན་ཆེ་བའི་རྗེས་ཐོན་གནོད་འཚེར་ལྟ་སྐུལ་ཚད་ལེན་དང་འགོག་ཐབས་སྤྲད་དགོས་པའི་ཐུགས་རེ་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཉེན་ཁར་སྐྲག་མི་དགོས། ཞིང་ཆེན་དང་ཁུལ་གྱི་རྒྱབ་རྩ་ཡོད།
  • ལེ་ཚན་རྗེས་མ།:པད་དགེའི་ཆུ་བསྐྱིལ་མཚེའུའི་མིས་བཟོས་གཤོང་རྐ་ནས་ཆུ་བཞུར་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།