ཁྱེད་རང་དྲན་དུས་སྙན་ངག་བྲིས།

གངས་ཚ་འཇོམས།        2018-11-12

སྙིང་ཉེ། ཕ་ཡུལ་གྱི་ཟླ་ལྔ་བའི་མཛེས་སྡུག

མིག་ལ་མཛེས་ཤིང་། ཡིད་དུ་སིམ་ནའང་།

མཐོ་རི་གསུམ་རྩེ་ནས། ངས་མིག་ཟུང་ཆེ་རུ་བགྲད་དེ།

ཁྱེད་ཉིད་ལོག་ཕེབས་ལ་ངང་སྒུག་བྱས།


ཉི་ཟླའི་མཁའ་ལམ་གཅོད་པའི་བྱ་ཁྱུ།

སྔ་མོ་ནས་རྒྱང་རིང་གི་ཚང་མལ་དུ་ལོག་སོང་།

ང་ཁོ་ནས། ཁྱོད་ཀྱི་ཆེད་དུ།

བས་མཐའ་འདིར་གནས་ཚང་བཅས་ཏེ།

ཧེ་ཙི་ནང་བཞིན། རྒྱ་མཚོའི་ཁ་གཏད་ནས།

སྐྱེད་ཚལ་ར་བ་ཞིག་བཟོས།

མེ་བུས་ཤིང་ཇ་བསྐོལ་ཏེ།

སྔར་བཞིན་ཁྱེད་ལ་བསྒུག


གཙང་བོའི་བཞུར་དབྱངས་རྣ་བར་འཇགས་ཐབས་བྲལ།

རླབས་ཀྱི་མེ་ལོང་རེ་རེ་ལས་ཁྱེད་རང་འཆར་བར་རེ་ལྟོས་བྱས།

གཙང་བོ་ལྟ་བུའི་དྭངས་གཙང་གི་ཁྱེད་རང་།

སོམ་ཉི་མེད་པར། ང་ཡི་ཕྱོགས་སུ་སླེབས་ཤོག


སྐར་ཚོགས་ཀྱི་ཁུ་སིམ་སྐྱ་མདས་དཀྲོགས་དུས།

འདུ་འཛིས་ཁེབས་པའི་གྲོང་ཁྱེར་འདིའི་ཧྲག་བར་ནས།

ཤར་མཐའི་ཉི་མ་སེར་པོ་དེ་ཁྱེད་རང་ཡིན་ན་བསམ།

སྙིང་ཉེ། ཟླ་ལྔ་བར།

ཕ་ཡུལ་ན་ཁྱེད་རང་མེད་པས།

སྐྱོ་གདུང་གི་དབྱར་ཁར་སྨྲེང་བ་རབ་ཏུ་འཁོར།


འདི་གར། ཁེར་རྐྱང་དུ་བསྡད་ཡུན་རིང་དྲགས་པས།

ཁེར་རྐྱང་ནི་རྒྱུན་ལྡན་གྱི་འཚོ་བ་ཞིག་ཏུ་སྣང་མོད།

ང་ཡི་དབུགས་རྒྱུན་མ་འགག་བར་དུ།

ཁྱེད་ཉིད་བརྗེད་ཐབས་ཤིག་ཡེ་ནས་མི་འདུག


སྙིང་ཉེ། ད་ལྟ།

ངས་རྒྱང་རིང་གི་ཕ་ཡུལ་ལ་བལྟས་ནས།

སྐྱོན་གྱིས་མ་གོས་པའི་སེར་ཆེན་མེ་ཏོག་དེ་དྲན་བྱུང་།

ཁྱོད་ཉིད་གྲོང་སྡེ་འདི་གཉིད་ལས་དཀྲོག་བྱེད་དམ།

བཀླགས་མ་ཚར་བའི་སྒྲུང་ཐུང་ཡག་ཤོས་དེ་ཡིན་སྙམ།


ཟླ་ལྔ་བའི་ནང་།

ཁྱེད་རང་དྲན་པའི་སྡུག་བསྔལ་མཐའ་དག

ཆད་ལྷག་མེད་པར་ཤོག་ངོར་འབྲི་འདོད།

ཤོག་བུའི་གནམ་གྲུ་ཞིག་བཟོས་ཏེ།

ཁྱོད་ཕྱོགས་སུ་གཏོང་འདོད།

འཛུམ་མདངས་དང་དགོད་སྒྲ་མོད་པའི་གནས་འདི་ནས།

ཁྱེད་རང་དྲན་དུས། སྙན་ངག་རེ་བྲིས་པ་ཡིན།


དུས་དེ་རིང་།

སྔོ་བསངས་ཀྱི་ནམ་མཁར་སྤྲིན་ནག་གི་ཡོལ་བས་བསྒྲིབས་འདུག

ལམ་གྱི་གཡས་གཡོན་ན་སྣ་མའི་མེ་ཏོག་བཞད་འདུག

རྙིང་ཧྲུལ་དུ་གྱུར་བའི་ཤོག་དེབ་ཅིག་ལས།

ཁྱོད་ཀྱིས་བྲིས་པའི་སྙན་ངག་དེ་བཀླག་འགོ་བརྩམས།

འཇིག་རྟེན་དཀར་ངོགས་འདི་རུ།

ཞེ་ཐོགས་ས་དང་སྙིང་ཉེ་ཡུལ་ཁྱེད་ལས་མི་འདུག


ལན་རེར། དྲན་སྣང་ཕྱོགས་གཅིག་ཏུ་བསྡུས་ནས།

ཕྱི་གསལ་ནང་གསལ་གྱི་མི་ཞིག་བྱེད་འདོད་ཀྱང་།

ཆར་ཆུས་བྲན་པའི་ཟླ་ལྔ་བ་འ།དི

བློས་མ་འཆུམས་པའི་ཚོན་རིས་སྐྱ་བོ་ཞིག་རེད་ཨང་།


   ང་ལ་ཅི་ཡང་མེད།


ལྷམ་ཐེད་པོ་དང་ལྡེ་མིག་འདི་ལས། ང་ལ་ཅི་ཡང་མེད།

ལྷམ་བཟོ་བ་རྒད་པོ་དེ་ཡང་རྒྱང་རིང་ཞིག་ཏུ་ཕྱིན་སོང་།

ལྷམ་འདིས་ཁ་ཆེན་པོ་གདངས་ནས། 

ང་ལ་སྦྱིན་པ་ཞིག་སློང་གིན་འདུག

ཡིན་ནའང་། 

ངས་མིག་བཙུམས་ནས་ཁ་རོག་གེར་འདུག་དགོས་བྱུང་།


སྒོ་ཟྭ་བརྒྱབ་ཡོད།

ལྡེ་མིག་སྟེ་ང་དང་བར་ཐག་ཧ་ཅང་རིང་།

ཡིན་ནའང་། ངས་སྒོ་ཁའི་རྡོ་གཅལ་སྟེང་ནས།

ཤར་ཕྱོགས་ཀྱི་ཟླ་བ་སྒོར་སྒོར་ལ་བལྟས་ཏེ།

ལུས་སེམས་གཉིས་ཀར་ངལ་དུབ་ཀྱིས་མནར་བའི་མཚན་མོ་འདིར།

སྐྱིལ་ཀྲུང་གིས་བསྡད་དེ། ངལ་གསོ་ཤིག་བྱེད་འདོད།


  • ལེ་ཚན་སྔོན་མ།:སྔ་དྲོའི་འཇིག་རྟེན།
  • ལེ་ཚན་རྗེས་མ།:བྱམས་ལྡན་གྱི་ཨ་མ།