སྔ་དྲོའི་འཇིག་རྟེན།

ཡེ་ཤེས་མཁའ་འགྲོ        2018-11-12

སྐྱ་རེངས་ལྷ་མོ་མགོ་ནག་མི་ལ་སྙིང་རྗེ་སྐྱེས་ཏེ་མུན་པའི་དཔུང་སྡེ་ནུབ་རིའི་རྩེ་ནས་བསྐྲོད་དུས།

དགུང་གི་སྐར་ཚོགས་ཤར་རིའི་རྩེ་ལ་བརྒྱུགས་ཏེ་གཅིག་ཏུ་འདུས་ཤིང་དམ་དུ་འཐམས་ནས་ཉི་མའི་འོད་ཕུང་གྱུར།

ས་གཞི་བུ་མོས་ལུས་ལ་གཟབ་མཆོར་མནབས་ཤིང་མགོ་བོ་བཏེགས་ཏེ་ཉི་མ་སྒུག་ཅིང་བསྡད།

སྐྱེ་བོ་རྣམས་ནི་ཡིད་གཅུགས་གྲོགས་པོ་རྒྱང་དུ་བསྐྲོད་པས་བྲལ་བའི་སྡུག་བསྔལ་ཚོར་ཏེ་རྨི་ལམ་ལྷན་དུ་གཞུག་ཏུ་རྒྱུག

བྱ་བྱེའུ་རྣམས་ཀྱིས་ཉི་མ་བསུ་བའི་གླུ་དབྱངས་ལེན་ཞིང་རོལ་དབྱངས་དཀྲོལ་ནས་ཟིང་ཆ་རབ་ཏུ་ཆེ།

དགུང་གི་ཉི་མ་དལ་བ་དལ་བུར་ཤར་རིའི་རྩེ་ནས་འཛུམས་མདངས་རྒྱས་བཞིན་མདུན་དུ་བསྐྱོད་ནས་ཕེབས།

རེ་ཞིག་ཉི་མས་སྐྱེ་བོ་རྣམས་ནི་བསུ་བ་མེད་པ་མཐོང་བས་ཅི་ཡིན་སྙམ་ནས་ཞིབ་ཏུ་བརྟག་པས་དོན་རྐྱེན་གོ

དེ་ཚེ་བྱམས་དང་སྙིང་རྗེ་ཚད་མེད་སྐྱེས་ནས་འོད་ཀྱི་ཟེར་མ་མང་དུ་གཏོར་ཏེ་སྐྱེ་བོ་རྣམས་ཀྱི་མིག་ཏུ་ལྡུག

མགོ་ནག་མི་ཡི་ཡིད་ཀྱི་སྒོ་སྲུང་མིག་ཟུང་གཉིས་པོ་ཧད་ཀྱིས་བརྒྱུགས་ཏེ་ཡིད་ཀྱི་རྒྱལ་པོར་སྙན་ཞུ་ཕུལ་མ་ཐག

ཉི་མའི་འོད་ཟེར་རྗེས་བསྙེགས་བསླེབས་ནས་ཡིད་སེམས་འཁོར་བཅས་སྐད་ཅིག་ཉིད་ལ་མཐའ་ནས་བསྐོར།

ཡིད་ཀྱི་རྒྱལ་པོ་ཐབས་དང་བྲལ་ནས་ཉི་མ་བསུ་བའི་ཞོགས་ཟས་བཤམས་ལ་བྲེལ་ཞིང་རྒྱུག་པ་ན།

རྟག་ཏུ་གཡས་གཡོན་འཁོར་བའི་གྲིབ་མ་དེའང་དུས་དེར་རྐང་འོག་གབ་ནས་མཐོང་མེད་གྱུར་པས་མགོ་

བོ་བཀྱགས་ཏེ་དགུང་ལ་བཏེགས།

འོད་དང་དྲོད་སྣང་འཇུངས་མེད་སྟེར་བའི་ཡིད་གཅུགས་གྲོགས་པོ་ཉིད་ནི་ཉི་མ་ཡིན་པ་རབ་ཏུ་

ཚོར་བས་མདངས་ལ་འཛུམ་གྱིས་ཕྱུག 


  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོ།
  • ལེ་ཚན་རྗེས་མ།:ཁྱེད་རང་དྲན་དུས་སྙན་ངག་བྲིས།