བློ་བཟང་དོན་གྲུབ་ལ་ཡུལ་སྐོར་ཡོང་འབབ་ལོ་རེར་ལྡབ20འཕར།

དབྱངས་ཅན་གྱིས་བསྒྱུར།        2018-11-12

བློ་བཟང་དོན་གྲུབ་ལ་ཡུལ་སྐོར་ཡོང་འབབ་ལོ་རེར་ལྡབ20འཕར།

    སྤྱི་ཟླ10པའི་ཚེས15ཉིན། འཛམ་གླིང་མཐོ་གྲོང་ལི་ཐང་རྫོང་དགའ་བ་གྲོང་རྡལ་འཇའ་ཚོན་ཕ་ཡུལ་ཞེས་པའི་མགྲོན་ཁང་དུ་བློ་བཟང་དོན་གྲུབ་ཀྱི་བཟའ་ཟླ་ཚེ་རིང་སྒྲོལ་དཀར་གྱིས་བདེ་ལྕག་འཁྱུག་པོའི་ངང་ཉལ་ཆས་བརྗེ་བ་དང་ཐལ་རྡུལ་གཙང་འཕྱག་བྱེད་ཞོར་དུ་གསར་འགོད་པར་འཛུམ་གྱིས་ཁེངས་ནས་དུས་སྐབས་འདིར་ང་རང་བྲེལ་བ་ཆེན་པོ་ཡོད་པ་རེད། དེ་རིང་ཞོགས་པར་ཡང་འགྲུལ་པ་ཚན་པ་གཅིག་བསྐྱལ་བ་ཡིན་པས་ཉིན་རྟག་པར་གྲོག་མ་ལྕགས་ལེབ་ཚ་མོ་འཁེལ་བ་ནང་བཞིན་རེད་ཅེས་བཤད་བྱུང་།

ད་ལོ་ལོ་ན40ལ་ལོན་པའི་བློ་བཟང་དོན་གྲུབ་ནི་དགའ་བ་གྲོང་རྡལ་གད་ལྟག་གྲོང་སྡེའི་ཡུལ་མི་རེད། ཁྱིམ་ཚང་གི་མགྲོན་ཁང་འཛུགས་གཉེར་མ་བྱས་པའི་སྔོན་ལ་བློ་བཟང་དོན་གྲུབ་ཀྱིས་རླངས་འཁོར་བཏང་ནས་འཚོ་གནས་བྱེད་ཐབས་བཙལ་བ་དང་ལོ་རེར་ཡོང་འབབ་སྒོར7000ཡས་མས་ལས་མེད་པ་རེད། སྐབས་དེར་ཁོ་ཚོའི་བཟའ་མི་ལྔ་པོ་སྨི་གྲུ་བཞི་མ80ལས་མེད་པའི་ཤིང་རྡོ་ལས་གྲུབ་པའི་སྡོད་ཁང་དུ་བསྡད་ཡོད་པས། སྡོད་ཁང་ཧ་ཅང་རྙིང་ཧྲུལ་ཡིན་ལ་ས་འགུལ་གྱི་གནོད་སྐྱོན་འགོག་མི་ནུས་པར་མ་ཟད། ཐ་ན་ཇ་ཁང་དང་ཉལ་ཁང་གཉིས་ཁང་མིག་གཅིག་ཏུ་གྱུར་ཡོད་ཅེས་བློ་བཟང་དོན་གྲུབ་ཀྱིས་དེ་ལྟར་བཤད་པ་རེད།

བློ་བཟང་དོན་གྲུབ་ལ་ཡུལ་སྐོར་ཡོང་འབབ་ལོ་རེར་ལྡབ20འཕར།

    ཤེས་རྟོགས་བྱུང་བར་གཞིགས་ན། གད་ལྟག་གྲོང་སྡེའི་རྒྱལ་སྲུང་གཞུང་ལམ227པའི་བརྒྱུད་ཡུལ་དུ་ཆགས་ཡོད་པས་ལི་ཐང་ནས་ཉི་སྟེན་མཛེས་ལྗོངས་ས་ཁུལ་ཕྱོགས་སུ་ཕྱིན་པའི་གཞུང་ལམ་གཙོ་བོ་ཡིན། ལི་ཐང་རྫོང་གྲོང་ཁུལ་ནས་འགོ་བཙུགས་ཏེ་དགའ་བ་གྲོང་རྡལ་ཁོངས་གཏོགས་ཀྱི་བྲག་དཀར་གནས་རི་དང་། མཐོ་རིའི་སྔོ་ཁེབས། ཆུ་བོ། སོས་དལ་བག་ཕེབས་ངང་རྩྭ་བཟའ་བཞིན་པའི་ནོར་ཟོག གསེར་འོད་ཆེམ་ཆེམ་དུ་འཕྲོ་བཞིན་པའི་དགོན་ཁག་སོགས་དཔོག་དཀའ་བའི་གནས་མཆོག་ཤམ་བྷ་ལར་བསླེབས་པ་དང་ཀུན་ནས་མཚུངས་པ་རེད། ཡུལ་དེར་མཚོ་འཕགས་དམའ་ཞིང་། དབྱང་དབུགས་འདང་ངེས་ཡིན་པ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་གིས་འགྲོ་འོང་བྱེད་མཁན་འགྲུལ་པ་ཚོའི་མིག་དབང་འཕྲོག་པ་རེད། ཡིན་ན་ཡང་གྲོང་རྡལ་དེར་མགྲོན་ཁང་ཡག་པོ་གཅིག་ཀྱང་མེད་པ་དང་མི་སེར་ཚོའི་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ཞན་སྟབས། འགྲུལ་པ་ཚོ་ཡུད་ཙམ་ལས་སྡོད་ཐབས་མེད་ནས་འགྲོ་དགོས་བྱུང་བ་རེད།

    ཉེ་བའི་ལོ་ཤས་རིང་། དགའ་བ་གྲོང་རྡལ་གད་ལྟག་གྲོང་སྡེའི་དྲུག་བསྒྱུར་བཀོད་དང་གསུམ་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ལག་བསྟར་བྱས་པར་བརྒྱུད། འདི་ནའང་འཐུང་ཆུ་ཁྱིམ་ཚང་དུ་འདྲེན་ཐུབ་པ་དང་ཆབ་ཁང་ལོགས་སུ་བསྐྲུན་པ། དྲ་བ་ཁྱིམ་ཚང་དུ་ཁྲིད་པ། གཞུང་ལམ་སྒོ་ཁར་ལས་པ། མི་ཕྱུགས་མཉམ་སྡོད་བྱེད་མི་དགོས་པར་ཞིང་འབྲོག་པའི་སྡོད་གནས་ཀྱི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ནས། ཞིང་འབྲོག་མང་ཚོགས་སྡོད་ཁང་སྐྱིད་པོར་སྡོད་ཐུབ་པ་དང་ཡ་རབས་ཚུལ་ལྡན་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ། བསམ་པའི་འཁྱེར་སོ་དང་འདུ་ཤེས་ལ་ཡང་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད།

    བློ་བཟང་དོན་གྲུབ་ཀྱིས་གོ་སྐབས་དང་བསྟུན་ནས་མགྲོན་ཁང་འཛུགས་གཉེར་བྱས་པ་རེད། ན་ལོའི་སྤྱི་ཟླ10པའི་ཚེས1ཉིན་ནི་ཁོ་བོར་མཚོན་ན་དུས་ཚོད་གཙོ་ཆེན་ཞིག་ཡིན། ཁོ་བོའི་འཇའ་ཚོན་ཕ་ཡུལ་ཞེས་པའི་མགྲོན་ཁང་དེ་དངོས་སུ་ཚོང་གཉེར་བྱེད་འགོ་བཙུགས་པ་དང་སྦྲགས། ཁོ་རང་གྲོང་རྡལ་དེའི་ཁྱིམ་ཚང་གི་མགྲོན་ཁང་འཛུགས་མཁན་གྱི་ཚན་པ་དང་པོའི་གྲོང་མིར་གྱུར། ཁང་བརྩེགས་བཞི་ལ་བསྡོམས་པས་སྨི་གྲུ་བཞི་མ360ཅན་གྱི་མགྲོན་ཁང་ཆུང་ཆུང་ཞིག་ཡིན། ཞབས་ཐོག་རང་འདེམས་ཚོང་ཁང་དང་ཟ་ཁང་། བར་ཐོག་དང་སུམ་ཐོག་སྡོད་ཁང་ཡིན། བསྡོམས་པས་ཁང་མིག18དང་ཉལ་ཁྲི38ཡོད་པ་ཚང་མར་ཆུ་ཚན་དང་སྐུད་མེད་དྲ་བ་ཡོད་པ་རེད། སྐབས་འགར་མགྲོན་ཁང་ཡོད་ཚད་ལ་འགྲུལ་པ་གང་ནས་ཡོང་འབབ་ཉིན་རེར་སྒོར2340རག་ཅིང་ཟླ་བ་རེར་ཡོང་འབབ་ཧ་ལམ་སྒོར་ཁྲི15ཙམ་རག་ཐུབ་ཀྱི་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བར་བརྒྱུད། ད་ལྟར་བློ་བཟང་དོན་གྲུབ་ཚང་གི་འཚོ་བར་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད་པ་རེད།

    དགའ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་སྔོན་མར་ང་ཚོའི་གྲོང་རྡལ་གྱིས་ཞིང་འབྲོག་ལས་རིགས་གཙོ་བོར་བརྟེན་ནས་ལོ་ཏོག་གི་ཐོན་འབབ་དེ་ཙམ་ཡག་པོ་མིན་པ་དང་། འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་ཀྱང་དམིགས་བསལ་གྱི་མདུན་ལམ་མེད་པ་རེད། འོན་ཀྱང་འདི་ནར་དམིགས་བསལ་གྱི་ཡུལ་སྐོར་ཐོན་ཁུངས་ཡག་པོ་ཡོད་ཐོག་ཤམ་བྷ་ལ་ཡུལ་སྐོར་བྱ་ཡུལ་དུ་ཆགས་ཡོད་སྟབས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པ་རེད་ཅེས་བཤད།

    གད་ལྟག་གྲོང་སྡེའི་ཕྱུག་འགྱུར་གྱི་ལམ་སྣེ་ཁྲིད་མཁན་ཡིན་པའི་ཆ་ནས། བློ་བཟང་དོན་གྲུབ་ཀྱིས་ཡུལ་མི་སྤུན་ཟླ་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔེ་སྟོན་ལག་བསྟར་བྱས་པ་དང་སྦྲགས། རང་ཉིད་ཀྱི་ཉམས་མྱོང་བསླབས་ཏེ་ཡུལ་མི་ཚོ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། སྔོན་དཔག་བྱས་ན་སང་ལོར་གྲོང་སྡེ་ཡོངས་རྫོགས་དབུལ་ཐར་ཡོང་ཐུབ་རྒྱུ་རེད།

    མིག་སྔའི་བར་དུ་དགའ་བ་གྲོང་རྡལ་ལ་བསྡོམས་པས་ཁྱིམ་ཚང་གི་མགྲོན་ཁང3ཡོད། མགྲོན་ཁང་དུ་བསྡོམས་པས་ཉལ་ཁྲི60དང་། ཟ་ཁང15 རང་འདེམས་ཚོང་ཁང5 མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་བྲིན་ཚོང་བྱ་ཡུལ1བཅས་ཡོད་པ་རེད། ཉི་མ་ཚེ་རིང་གིས་མང་ཚོགས་སྡོད་ཁང་གསར་པའི་ནང་སྡོད་ཐུབ་པ་དང་ཡུལ་སྐོར་ཡོང་འབབ་མང་བ། ལེགས་འགྲུབ་ངང་ཐོན་ལས་ཚུལ་བསྒྱུར་བྱས་ཏེ་དགའ་བ་གྲོང་རྡལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀ་དང་ཁྱོན་ཡོངས་ཡུལ་སྐོར་ཐོན་ལས་གསར་སྦོལ་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ལྡན་དུས་ཀྱི་དཀར་མཛེས་ཁུལ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་མོ་ལ་སྨད་ཤང་དུ་ཤ་མོའི་ཡོང་འབབ་ཆེན་པོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10