བཅུ་ཕྲག་གནས་ལ་སྐུལ་བའི་ཞོགས་རྔ།

དུད་ཁ་དོང་སྤྲུག        2018-11-09

གཡའ་དག་ཆུ་ཤེལ་དབང་པོ་གཞི་དབྱིངས་སུ་ཡིབས་ཤིང་།།

དགུན་ཁའི་གྲང་རླུང་ངར་མས་ལྗང་མདོག་ལ་ལྡང་དུས།།

བཅུ་ཕྲག་རིག་གཞུང་ལོ་མའི་ལས་དབང་ལ་བསམས་ནས།།

མིག་ཆུའི་ངོ་གདོང་རློན་བཞིན་ལྡབ་ལྡིབ་འདི་ཤོར་ཐལ།།


ཕ་མྱེས་སྲིད་པའི་མགོ་དཀར་རྒད་པོ་ཡི་རྔུལ་ཐིགས།།

ལེགས་བཤད་ནོར་གྱི་བང་མཛོད་གས་སྲུབ་དུ་ཐིམ་དུས།།

དྲན་རྟོག་སེམས་ཀྱི་ཚོར་འདུ་བཟོད་མེད་ཀྱི་ན་ཟུག།

དྲང་སྨྱུག་ཀུ་ཤུའི་རྩེ་ནས་སྲིད་པ་ན་དྲངས་བཞག།


ཚིག་ཕྲེང་ལོ་མའི་གཤོག་པ་ལྡེམ་ལྡེམ་དུ་གཡོ་ཞིང་།།

སྡེབ་སྦྱོར་གེ་སར་ཕྲེང་བ་ལམ་ལམ་དུ་གསལ་བ།།

ངག་རིག་བུང་བ་གཞོན་ནུ་དར་དིར་དུ་སྒྲོག་པའི།།

སྦྱོར་རིག་པདྨའི་ཚལ་ན་ཤར་མ་རང་འཇུག་ཅིག།


ཐུ་མིའི་དཔྱོད་ཤེས་མཚོ་མོའི་ཀློང་ཡངས་ནས་རྡོལ་བའི།།

བརྡ་སྤྲོད་དགོས་འདོད་ཀུན་འབྱུང་གཙུག་རྒྱན་དུ་འགོད་ཕྱིར།།

ཐོས་བརྩོན་མི་ནུབ་ཆུ་བོའི་རླབས་རྒྱུན་དང་འགྲོགས་ནས།།

རྨོངས་པའི་དབུལ་བར་སེལ་བའི་བསྐལ་བཟང་དེ་འཚོལ་དགོས།།


བླ་མེད་མགོན་དུ་བསུ་བའི་སྙན་འཇེབས་ཀྱི་མགུར་དབྱངས།།

དབྱངས་ཅན་ལྷ་མོས་སྦྱིན་པའི་བདེ་ལེགས་ཀྱི་སྒྲ་སྙན།།

བདེ་སྡུག་འཚོ་བ་མཚོན་པའི་གསར་རྙིང་གི་རོལ་མོ།།

ཡོད་ཚད་བྱང་ཁོག་དཀྱིལ་དུ་རི་མོ་བཞིན་ཁོད་ཅིག།


མིང་དོན་རྨོངས་པའི་འཁྲི་ཤིང་མེ་ཕུང་གིས་བསྲེག་ཅིང་།།

ཤེས་རབ་འོད་སྣང་འཇེན་པ་བདག་ཡིད་ན་བཀྲ་ཕྱིར།།

ཐོས་བརྩོན་རིག་པའི་མཚོ་གྲུ་སྣུམ་སྣོན་ལ་འཁྱུད་ནས།།

མངོན་བརྗོད་རྒྱ་མཚོ་འཁྱིལ་བའི་བརྟན་བརླིང་དུ་འཇུག་ཅིག།


སྐད་གཅིག་དུས་ཀྱིས་བགྲོད་པ་གྲངས་ཀ་ཡིས་གཞལ་ཞིང་།།

གང་ལ་ཅི་ཡང་སྣང་བའི་ཉི་ཟླ་ཡི་འཁོར་བསྐྱོད།།

འགྲོ་ཁམས་བདེ་སྡུག་མཐོང་བའི་ཀུན་གསལ་གྱི་མེ་ལོང་།།

སྐར་ནག་རྩིས་རིག་འཚོལ་བའི་གོམ་ཁ་དེ་མ་དལ།།


སྨྲ་དབང་ལྗགས་ལས་ལྡང་བའི་ངག་རིག་གི་ཚོན་རྩི།།

དབྱངས་ཅན་སྒེག་མས་བརྡུངས་པའི་འཕང་འགྲོ་ཡི་སྙན་འགྱུར།།

དབྱུག་ཐོགས་དབང་པོས་བསྐྲུན་པའི་མེ་ལོང་ལ་བརྟེན་ནས།།

སྙན་ཚིག་གོལ་སར་འཕྱན་པའི་དགའ་སྟོན་ལ་རོལ་ཞིག།


ཐིག་རྡུལ་ལྷ་རིས་བཀོད་པ་ཕུན་ཚོགས་ཀྱི་ཕོ་བྲང་།།

གོས་འཕྲུལ་བཟོ་རིགས་གསར་རྙིང་སྐར་ཚོམས་ཀྱི་གྲོང་ཁྱེར།།

མ་དལ་བརྩོན་འགྲུས་ཅང་ཤེས་རྟ་ཕོ་ལ་འཁྱུད་ནས།།

མྱུར་མྱུར་མངའ་དབང་སྒྱུར་ཞིག་གངས་དཀར་གྱི་གཞོན་ནུ།།


གནའ་བོའི་འཚོལ་ཤེས་ཀློང་ནས་སྡོང་པོ་དེ་འཁྲུངས་ཤིང་།།

གཡུ་ཐོག་ཡོན་ཏན་སྤང་ནས་པད་འདབ་སྟོང་བཞད་པ།།

འཚོ་བྱེད་གསོ་རིག་པདྨའི་དགའ་ཚལ་ལ་འཇུག་དང་།།

རྟེན་འབྲེལ་གཞན་ཕན་འོད་སྣང་ཕྱོགས་ཀུན་ཏུ་ཁྱབ་འོང་།།


རིག་འཕྲུལ་གློག་ཞགས་འཁྱུག་པའི་ཕྱོགས་ཆོས་ཀྱི་ཐུགས་ལས།།

འཁྲུངས་པའི་སྡེ་བདུན་མདོ་ཡི་ཡང་གསང་དེ་ཉུག་དང་།།

ནུབ་ཕྱོགས་མཚན་ཉིད་སྨྲ་བའི་དཔྱོད་ཤེས་ལས་བརྒལ་ཏེ།།

མངོན་ལྐོག་ལྕི་ཡང་གཞལ་བའི་སྲང་མདའ་དེ་རྙེད་ངེས།།


ཕྱུག་པོའི་ནོར་རྫས་ཟད་གཏུགས་དངོས་ཡོད་ཀྱི་ར་སྤྲོད།།

མཐོན་པོའི་གོ་སར་འགོལ་བའི་གནས་དོན་གྱི་རི་མོ།།

ཅི་ཡང་ཚུགས་ཐུབ་བྲལ་བའི་ངང་ཚུལ་འདི་བསམས་ན།།

དམ་པའི་ལྷ་ཆོས་ལེགས་བཤད་རླབས་ཕྲེང་ལ་རོལ་ཞིག།


  • ལེ་ཚན་སྔོན་མ།:གཟའ་མཇུག
  • ལེ་ཚན་རྗེས་མ།:ཚངས་དབྱངས་རྒྱ་མཚོ།