གཟའ་མཇུག

སྤེན་ཚེ་གཞོན་པ།        2018-11-09

གཟའ་མཇུག

ཞིང་འབྲོག་པ་ཚོའི་ཆེས་རྒྱུན་ལྡན་གྱི་ཉིན་མོ་ཞིག

གྲོང་ཁྱེར་པ་ཚོའི་སྤྲོ་སྣང་གིས་བསུས་པའི་དུས་སྟོན་ཞིག


གཟའ་མཇུག

ངས། རེ་སྒུག་གིས་དྲངས་པའི་མཚན་མོ་རིང་པོ་ཞིག

མཚར་སྣང་གི་རྔམ་ཁ་སྟུག་པའི་བྱིས་བློའི་འཇིག་རྟེན་ཞིག


གཟའ་མཇུག་སླེབས་དུས།

ང་རང་། སྒོར་ཁུག་རྒྱགས་པའི་ཨ་ཕོ་ཚོང་དཔོན་ཞིག

གཏོང་ཕོད་ཆེ་བའི་སྦྱིན་བདག་བྱམས་སེམས་ཅན་ཞིག

གཟའ་མཇུག་ལ་སླེབས་དུས།

ངས། བོད་ཟས་ཁང་གི་ཨ་ཅག་བུ་ཁྲིད་ཀྱི་

མྱོས་བུམ་དེ་དྲན་འོངས།

སྤྲོ་སྐྱིད་ཁང་གི་རྒྱ་མོ་ལི་ལི་ཡི་འཕོང་ཚོས་དེ་དྲན་འོངས།


གཟའ་མཇུག་ལ་སླེབས་དུས།

ངས། ཞིང་གྲོང་གི་ཨ་མ་རྒན་མོར་ཁ་པར་

གཏང་རྒྱུ་བརྗེད་ཐལ།

མ་སྨད་གཉིས་ལ་ཁྱིམ་ཚང་ཞིག་གི་དྲོད་ཁོལ་སྦྱིན་རྒྱུ་བརྗེད་ཐལ།


གཟའ་མཇུག་ལ་སླེབས་དུས།

ངས། ང་རང་ལ་གློད་གྲོལ་ཐེངས་ཤིག་བྱས་ཆོག

ངས། ང་རང་ལ་གུ་ཡངས་ཐེངས་ཤིག་གཏང་ཆོག


གཟའ་མཇུག་ལ་སླེབས་དུས།

ངས་ཅི་ཡང་གླེང་ཆོག

ངས་གང་ཡང་བྱེད་ཆོག


གཟའ་མཇུག་ལ་སླེབས་དུས།


  • ལེ་ཚན་སྔོན་མ།:གློ་མདོག་གི་ཕྱེ་མ་ལེབ།
  • ལེ་ཚན་རྗེས་མ།:བཅུ་ཕྲག་གནས་ལ་སྐུལ་བའི་ཞོགས་རྔ།