བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།

མཁས་གྲུབ་ནོར་བུ།        2018-11-09

བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།

    དཀར་མཛེས་ཁུལ་འདབ་པ་རྫོང་ཚེ་རོགས་ཤང་དགོན་སར་གྲོང་སྡེ་ནས་འཚར་ལོངས་བྱུང་བའི་བུ་མོ་སྐལ་བཟང་སྒྲོལ་མ་སློབ་ཆུང་མ་གཏོགས་འགྲིམ་མྱོང་མེད་ཀྱང་། དེང་སང་ས་ཁོངས་ཡོངས་སུ་ཡུལ་སྐོར་གྱི་ལས་རིགས་དར་ཞིང་དྲྭ་ཐོག་ནས་ཉོ་ཚོང་གི་བྱ་བ་གཉེར་ཆོག་པའི་དུས་འདིར། ཁོ་མོས་མཐོ་སྒང་གི་རི་ཁུལ་ན་སྐྱེས་པའི་དབྱར་རྩྭ་དགུན་འབུ་དང་བེ་ཤ  བོད་ཕག་སོགས་ཕ་ཡུལ་ན་དར་ཁྱབ་ཆེ་བའི་ཁྱད་ཐོན་དངོས་རྫས་དག་ཕྱི་ཡུལ་གྱི་འཕེལ་རྒྱས་ས་ཁུལ་དུ་བཙོངས་ནས་ཐོན་རྫས་ཁྱབ་སྤེལ་གཏོང་བཞིན་ཡོད། ཁོ་མོ་ཆིང་ཧྭ་སློབ་ཆེན་སོགས་སུ་སོང་ནས་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་བཤད་པ་དང་། ཁོ་མོའི་གཏམ་རྒྱུད་དེ་དག་སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་སོགས་ནས་ཁྱབ་བསྒྲགས་བྱས་པ་རེད། ཁོ་མོས་དེ་ལྟར་དྲ་བ་དང་དྲ་བའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ས་ཡ་ལྷག་གི་གཞོགས་འདེགས་ལ་བརྟེན་ནས་ཕ་ཡུལ་གྱི་ཁྱད་ཐོན་ཕྱི་ཡུལ་དུ་འདྲེན་པའི་ཕྱུག་འགྱུར་ལམ་ཆེན་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད།


བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།


    ཕ་ས་ཕ་ཡུལ་ནི་ངའི་བདེ་སྐྱིད་ཀྱི་འབྱུང་གནས་ཡིན།

    ད་ལོའི་ཟླ་བ9པའི་ཚེས22ཉིན། ནོར་སྲིད་པུའུ་ཡི་དབུལ་སྐྱོར་གཞུང་ལས་ཁང་དང་ཆིང་ཧྭ་སློབ་ཆེན། ལག་བདེ་དྲྭ་སྟེགས་སོགས་ཀྱིས་གཙོ་གཉེར་བྱས་པའི《བདེ་སྐྱིད་ལྡན་པའི་གྲོང་གསེབ་གླེང་བ》ཞེས་པའི་ལེ་ཚན་དུ་རང་ཁུལ་གྱི་འདབ་པ་རྫོང་ཚེ་རོགས་ཤང་དགོན་སར་གྲོང་སྡེ་ནས་ཡོང་བའི་བུ་མོ་སྐལ་བཟང་སྒྲོལ་མས་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་གླེང་བར་ཚོགས་ཞུགས་ཀྱི་ཆེད་རམས་པ་དང་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

ན་ནིང་སྐལ་བཟང་སྒྲོལ་མ་དབྱར་རྩྭ་དགུན་འབུ་རྐོ་རུ་སོང་དུས་ཁོ་མོས་དབྱར་རྩྭ་དགུན་འབུ་རྐོ་བཞིན་པའི་བརྙན་ཐུང་ཞིག་ཕབ་སྟེ་དྲྭ་ལམ་ན་བཏང་བས་མྱུར་མར་དྲ་བའི་སྟེང་ན་སྐད་གྲགས་ཁྱབ་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནོར་དོན་འཕྲིན་ལམ་དང་། ཀྲུང་གོ་གཞོན་ནུའི་དྲ་བ། པེ་ཅིན་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་དྲིལ་བསྒྲགས་བྱས་པ་དང་། ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་གྱིས་པར་ངོས་ཡོངས་སུ་ཁོ་མོའི་གཏམ་རྒྱུད་བཀོད་པ་སོགས་ཀྱིས་ཁོ་མོའི་གྲགས་པ་ཀུན་ལ་ཁྱབ་པས་དེང་སང་སྐལ་བཟང་སྒྲོལ་མར་དྲྭ་ཐོག་ནས་འོས་མོས་དང་རྒྱབ་སྐྱོར་བྱེད་མཁན་གྱི་མི་གྲངས་ས་ཡ་གཅིག་ལྷག་ལ་ཟིན་པ་རེད།


བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།

    སྐལ་བཟང་སྒྲོལ་མས་འདབ་པ་རྫོང་དུ་ཡུལ་སྐོར་གྱི་ཐོན་སྒོ་མ་འབྱེད་གོང་ན་གྲོང་མིའི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་པ་དང་། ཁོ་མོའི་ཁྱིམ་གྱི་འབྱོར་ཤུགས་དང་ཆ་རྐྱེན་སོགས་ཞན་སྟབས་སློབ་ཆུང་ནས་མཐར་ཕྱིན་རྗེས་ཁྱིམ་གྱི་ལས་ཀར་ཞུགས་ནས་སློབ་མཚམས་འཇོག་དགོས་བྱུང་། རྗེས་ནས་འདབ་པའི་ཉི་སྟེན་གྱི་མཛེས་ལྗོངས་ཕྱོགས་བཅུར་གྲགས་པ་ནས་ཡུལ་སྐོར་གྱི་ལས་རིགས་རིམ་བཞིན་དར་བ་དང་། ཤམ་བྷ་ལའི་གྲོང་རྡལ་དུ་ཡུལ་སྐོར་སྣེ་ལེན་བྱེད་པར་ཞབས་ཕྱི་བ་མང་པོ་མཁོ་བར་བརྟེན་ཁོ་མོ་ཡང་ཞབས་ཕྱི་བའི་ལས་གནས་སུ་ཞུགས་ཐུབ་པར་བྱུང་ལ། གོ་སྐབས་དེ་དང་བསྟུན་ཏེ་ཁོ་མོས་མགྲོན་པོར་སྣེ་ལེན་དང་ཞབས་ཕྱི་གུས་ལུགས་སོགས་ཤེས་པ་དང་།ས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་ཀྱང་ངོ་ཤེས་ཤིང་འབྲེལ་འདྲིས་སུ་གྱུར་སོང་ཞེས་བཤད།


བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།

    བརྙན་ཐུང་འཕྲིན་ལམ་བརྒྱུད་དེ་ཁྱད་ཐོན་འཚོང་ལམ་བྲིན།

    2017ལོའི་ཟླ་བ7པར། ང་དང་ཁྱིམ་མི་རྣམས་རི་ལ་དབྱར་རྩྭ་དགུན་འབུ་འཐུ་རུ་སོང་བ་དང་། ངས་ཨ་ཕ་ལ་ཁ་པར་ནས་ང་དང་ཨ་མས་དབྱར་རྩྭ་དགུན་འབུ་རྐོ་བཞིན་པའི་བརྙན་ཐུང་ཞིག་བླངས་བཅུག་པ་ཡིན། བརྙན་ཐུང་དེ་ངས་ལག་བདེ་དྲྭ་སྟེགས་ནས་བརྒྱུད་བསྐུར་བྱས་པས་ཉིན་གཉིས་པར་ལྟ་མཁན་མི་ཐེངས་ཁྲི60ལ་ཟིན་པ་དང་། སྐལ་བཟང་སྒྲོལ་མས་བསྟུན་མར་དྲྭ་ཐོག་ནས་དབྱར་རྩྭ་དགུན་འབུ་ཐེངས་ལྔ་བཙོངས་ནས་སྒོར2000ལོན་ཞིང་། དེ་ནི་ཁོ་མོར་མཚོན་ན་ཞོར་ལས་ཟླ་བ་གཅིག་གི་གླ་ཆ་ཡིན་པས་སེམས་སུ་དགའ་སྤྲོས་ཡོངས་སུ་ཁེངས། ཟླ་བ་བཞི་ཙམ་འགོར་རྗེས། ཀོང་ཏུང་གི་ཡུལ་སྐོར་བ་ཞིག་གིས་ལག་བདེ་དྲྭ་སྟེགས་ནས་དབྱར་རྩྭ་དགུན་འབུ2000མངག་ཉོ་བྱས་པ་ན། ཁོ་མོར་སྐབས་དེར་དབྱར་རྩྭ་དགུན་འབུ300ལས་ལྷག་མེད་པས། མྱུར་མར་རང་སྡེའི་དུད་ཚང་དྲུག་སར་སོང་ནས་དབྱར་རྩྭ་དགུན་འབུ་འཚོང་རོགས་བྱས་ཤིང་། དབྱར་རྩྭ་དགུན་འབུ་རྐང་རེར་ཁྲོམ་རའི་རིན་གོང་ལས་བརྒྱ་ཆའི10མཐོ་བར་ལོན་པ་རེད། ད་ལོར་ང་ཚོས་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒོར་ཁྲི10ལོན་ན་ཅི་མ་རུ་སྙམ་ཡང་། སྐད་ཅིག་ཙམ་གྱི་དུས་ཡུན་ནང་དུ་སྒོར་ཁྲི30ལྷག་གི་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཐོབ་བྱུང་ཞེས་སྐལ་བཟང་སྒྲོལ་མས་སྤྲོ་བའི་འཛུམ་དང་བཅས་ཏེ་དེ་ལྟར་བཤད།

    རྐོ་མ་ཐག་པའི་དབྱར་རྩྭ་དགུན་འབུ་མི་འགྱངས་བར་ཉོ་མཁན་རྣམས་ཀྱི་ལག་ཐོག་ཏུ་འབྱོར་ཆེད། སྐལ་བཟང་སྒྲོལ་མ་མཚན་གུང་ནས་ཨ་ཕའི་འགྲུལ་སྐྱེལ་འཁོར་ཆུང་དུ་བསྡད་དེ་སྤྱི་ལེ100ལྷག་རྒྱང་བའི་ཉི་སྟེན་གནམ་གྲུ་ཐང་དུ་སོང་བ་དང་། ཞོགས་པའི་ཆུ་ཚོད་ལྔ་ནས་མཁའ་ཐོག་སྐྱེལ་འདྲེན་བྱེད་པར་སླེབས་ཀྱི་ཡོད། མཁའ་ཐོག་སྐྱེལ་འདྲེན་བྱས་ནས་ཁྲེང་ཏུའུ་ལ་འབྱོར་རྗེས། གྲོགས་པོ་ཞིག་གི་བརྒྱུད་བསྐུར་རོགས་རམ་ལ་བརྟེན་ནས་བརྐོས་མ་ཐག་པའི་དབྱར་རྩྭ་དགུན་འབུ་རྣམས་ཉིན་གཅིག་རིང་ནས་མཁོ་མཁན་དག་གི་ལག་ཏུ་འབྱོར་ཐུབ་པ་རེད།


བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།

    སྐལ་བཟང་སྒྲོལ་མས་ང་ནི་ལོ་རབས90པའི་ནང་སྐྱེས་པ་ཡིན་ལ། ཆུང་དུས་ནས་དཀའ་སྡུག་མྱོང་བཞིན་འཚར་ལོངས་བྱུང་བའི་བུ་མོ་ཞིག་ཡིན། གལ་ཏེ་རྒྱལ་ཁབ་ཀྱི་འདི་འདྲའི་སྲིད་ཇུས་བཟང་པོ་དེ་མེད་ན། སློབ་ཆུང་མ་གཏོགས་འགྲིམ་མ་མྱོང་བའི་བུ་མོ་ངས་མི་ཚེ་གཅིག་ལའང་དབུལ་ཕོངས་ཀྱི་ལས་དབང་ག་ནས་བསྒྱུར་ཐུབ་ཅེས་བཤད་པ་དང་། ཁོ་མོས་ད་དུང་ད་ལྟ་ང་དང་ངའི་ཁྱོ་གས་ཚགས་ཤ་དང་བོད་ཕག བེ་ཤ་སྐམ་ལེབ་སོགས་ལས་སྣོན་བྱེད་བཞིན་ཡོད་ལ། ད་ལོའི་ཟླ་ལྔ་པ་ནས་ད་ལྟའི་བར་ངས་གློག་རྡུལ་ཚོང་ལམ་བརྒྱུད་དེ་དབྱར་རྩྭ་དགུན་འབུ་སོ་མ་སྒོར་ཁྲི30དང་། དབྱར་རྩྭ་དགུན་འབུ་སྐམ་པོ་སྒོར་ཁྲི8 བེ་ཤ་སོ་མ་སྒོར་ཁྲི20དང་བེ་ཤ་སྐམ་པོ་སྒོར་ཁྲི17བཅས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི70ལ་ཟིན་ཡོད་ཅེས་བཤད།

    གཞུག་ནས་སྐལ་བཟང་སྒྲོལ་མས་རང་ཁྱིམ་གྱི་སྡོད་ཁང་གསར་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ལ། ཁོ་མོས་རང་ཁྱིམ་གྱི་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏང་རྒྱུ་དང་། ས་གནས་རང་གི་ཁྱད་ཐོན་ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་བྱེད་པ། ཚོང་ལས་ཀྱི་གོ་སྐབས་དམ་འཛིན་སྒོས་མི་རིགས་རང་གི་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱ་རྒྱུ་བཅས་ནི་ཁོ་མོའི་མ་འོངས་པའི་དམིགས་འབེབས་ཡིན་ལ། སྐལ་བཟང་སྒྲོལ་མ་དང་ཁོ་མོའི་ཁྱོ་གས་ཡིད་ཆེས་དང་སྤོབས་པ་ཆེན་པོས་རང་ཉིད་ཀྱི་ཕུགས་འདུན་འཚོལ་བའི་ལམ་ཆེན་དུ་དཀའ་བ་རྒྱབ་ཏུ་བསྐྱུར། ངལ་བ་དང་དུ་བླངས་ནས་མདུན་དུ་བསྐྱོད་དང་སྐྱོད་བཞིན་ཡོད་དོ།།

  • ལེ་ཚན་སྔོན་མ།:མཛེས་སྡུག་ལྡན་པའི་དཀར་མཛེས་རྫོང་གི་ཡར་ལུང་སྤྱི་གླིང་།
  • ལེ་ཚན་རྗེས་མ།:གཏམ་བཟང་། ས་རྐོ་འཁོར་ལྔ་ཆུ་བསྐྱིལ་མཚེའུ་ཆགས་སར་བསླེབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།