འུག་པའི་ཚོགས།

ཉི་ཚེ།        2018-11-08

མཚམས་སྤྲིན་ལག་པས་གློད་རྗེས་གནམ་གྱི་རྫི་གྲོགས་གཉིད།།

ཡིད་ཀྱི་གཙང་བོ་འཁྲིགས་པས་ཟླ་བའི་ཁ་ཆུ་གཞིབས།།

ཕྱིར་དྲན་ལོ་མ་འདར་བས་སྐར་ཚོམ་མིག་གིས་བདས།།

ཐོད་པའི་ཁ་ཡིག་སྣེ་མོས་རྒྱ་མཚོའི་ཕ་མཐའ་རྨིས།།

 

གསང་ཚིག་རྟ་རྒོད་འདྲོགས་པས་ཚོར་བའི་ཐང་ཆེན་བཅད།།

ཚིག་གྲུབ་མན་ངག་འཁྲུངས་བས་སེམས་ངད་རུམ་ནས་བོར།།

འབྲུག་མོའི་ཐག་ལམ་མནན་དེ་ཇོ་ཇོར་འོ་ཇ་བསྐོལ།།

སྒེའུ་ཁུང་གྲུ་བཞིའི་ནང་ནས་སེམས་ཀྱི་ནམ་མཁའ་གཡོ།།

 

སྒྱུ་མའི་བསླུ་བྲིད་བར་ནས་འཁོར་བ་མཐེབ་མགོར་བྲིས།།

བདེན་བཞིའི་གོ་ཁྲབ་ཚེམ་པར་འཆར་ཡན་སྦྲང་རྩིས་བྱུགས།།

མཚན་ལམ་དཔག་ཚད་འབུམ་གྱི་མི་ཚེའི་སྣང་བརྙན་བཞེངས།།

ན་གཞོན་འུག་པའི་ཚོགས་ལ་འཇིག་རྟེན་ལྷག་མ་ཞིག།


  • ལེ་ཚན་སྔོན་མ།:ངལ་བ།
  • ལེ་ཚན་རྗེས་མ།:འདུས་མཐའི་གླུ།