དྲྭ་རྒྱས་དེད་པའི་མནོ་བསམ།

སྟག་རིག་འབྲུག་ཐར།        2018-11-05

    སྤྱི་ཚོགས་འཁོར་རྒྱུག་གི་འགྲོས་ཧ་ཅང་སྐྱེན་དྲགས་པས། ང་ཚོའི་འཚོ་བ་སྔོན་དང་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། དེ་ཡང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་བླ་ལྷག་གིས་འཕེལ་རྒྱས་སུ་སོང་བ་ཡིན་ལས་ཆེ། ལྷག་པར་བརྡ་འཕྲིན་གྱི་དུས་རབས་དར་ནས་དྲྭ་རྒྱ་ཟེར་བའི་འཛམ་གླིང་གཅིག་སྡུད་ཅན་གྱི་ནུས་པ་བདོག་པའི་བརྡ་ཆད་འདི་བྱོན་པ་ནས་བཟུང་། ང་ཚོའི་འཚོ་བའི་འཁོར་སྐྱོད་ཀྱི་རྣམ་པ་དུ་མར་སྟབས་བདེ་གང་ལེགས་བསྐྲུན་ཡོད། དཔེར་ན། མི་དང་མིའི་འབྲེལ་གཏུགས། ཡིག་ཆ་འཚོལ་སྡུད། ཡི་གེ་འཇུག་ཐབས། སྒྲ་གཟུགས་འཆར་སྟངས། ཚོང་རའི་འདུ་གནས། དཔེ་རིས་ཇུས་འགོད། ཐ་ན་ང་ཚོའི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་དྲྭ་རྒྱ་ལས་ཐག་གཅོད་མི་ཐུབ་པ་ལར་ནས་མེད།

    དྲྭ་རྒྱ་འདི་དར་དྲགས་པས། གངས་ཆུ་བཞིན་ལྷོད་གྱི་ལེར་བཞུར་འདྲའི་དེ་སྔ་བཞིན་གོ་རིམ་ཡོད་ཅིང་སྲོལ་ལུགས་མངའ་བ། སྲོལ་རྒྱུན་དུ་གྲུབ་པའི་ང་ཚོའི་འཚོ་བའི་སྤྱོད་ལམ་ཇི་སྙེད་ཅིག་གཞན་འགྱུར་རང་བཞིན་དུ་གྱུར་སྟབས། འཚོ་བའི་ཆོས་ཉིད་དཀྲུགས་ཤིང་དུས་ཚོད་ཀྱི་སྔ་ཕྱི་ནོར་བས་བྱ་ལས་མོད་པོ་ཞིག་ལ་བར་བགེགས་ཚད་མེད་ཐེབས་པ་ན། དྲྭ་རྒྱས་དགེ་བ་ལས་གནོད་པ་གང་མང་ཞིག་ང་ཚོའི་མིག་མདུན་དུ་སྤུངས་ཡོད།

    སྐུད་མེད་དྲྭ་རྒྱས་ཁེབས་པའི་སྒྲོམ་ཆུང་ངུའི་ཁ་པར་གྱི་འཇུར་མིག་ལ་དྲངས་དྲགས་པས་རྒན་གྱི་ཇུས་གཞི་འཆོལ། སློབ་མའི་ལས་བྱ་བསྐྱུར། གྲྭ་བས་འདོན་པ་བརྗེད། ཁྱིམ་བདག་མས་གད་བདར་ལུས། ཐ་ན་རྒན་པོས་ཁ་བརྡ་ཆད། བྱིས་པའི་མ་འོངས་པ་འཕྲོག་པས། རྒན་དར་གཞོན་གསུམ། སྐྱ་སེར་ཕོ་མོ་ཡོད་ཚད་བདག་གིར་བཟུང་ཚར་འདུག

    དེར་བསྟུན་སྒོས་དྲྭ་རྒྱའི་ནུས་པས་དྲྭ་ཐོག་ཚོང་ར་དར་བ་ན། དྲྭ་ངོས་ཀྱི་སྟེང་དུ་རྒྱབ་ལ་གྱོན་རྒྱུའི་གོན་པ། ཁ་ལ་བཟའ་རྒྱུའི་བཟའ་བཏུང་། སྤྲོ་དགའ་འཕེལ་བའི་རྩེད་འཇོའི་ཡོ་ཆས། མཛེས་པར་སྤྲས་བྱེད་བྱུགས་རྫས། ཁྱིམ་སྤྱོད་གློག་ཆས་སྣ་ཚོགས། ཐ་ན་གཞུང་ལམ་དུ་འདུར་ཞིང་རྒྱུག་པའི་རླངས་འཁོར་དང་འཕྲུལ་རྟ་སོགས་མཁོ་རྒུའི་དངོས་ཟོག་ཡོད་ཚད་དྲྭ་ཐོག་ཚོང་ར་ལས་ཐག་གཅོད་མི་ཐུབ་པ་གཅིག་ཀྱང་མེད་སྟབས། གྲོང་དང་གྲོང་ཁྱེར་གྱི་ཆེད་ཚོང་ཁང་དང་ཉོ་ཚོང་ཁང་གང་མང་ཞིག་ ལ་ཐད་ཀར་དུ་ཤུགས་རྐྱེན་མི་ལེགས་པ་ཐེབས་པའི་ཁར། དེ་གའི་ཉོ་ཚོང་མཁན་དག་ལ་གནོན་ཤུགས་དང་སེམས་ཁུར་ལྕི་མོ་སྤྲད་ཡོད།

    ལྷག་པར་ན་ནིང་དོ་ཚིགས་ལ་དྲྭ་ཐོག་མགྱོགས་ཟས་སྐྱེལ་འདྲེན་ཟེར་བའི་དྲྭ་རྒྱའི་ཚོང་ལས་ཞིག་ཀྱང་དར་བས། ང་ཚོ་རང་ཁྱིམ་ནས་དཔོན་པོ་ཇི་བཞིན། སྦྱིན་བདག་ལྟ་བུར་ལྷོད་ཤིག་གེར་ཁ་པར་གྱི་སྒྲོམ་གཞི་ཆུང་ངུ་ལས་ཡི་གར་གང་འཚམ་ཟས་རིགས་ཅི་བཟའ་གདམ་གསེས་སྒོས་དྲྭ་ཐོག་ནས་ཉོ་སྒྲུབ་བྱས་ཚེ། ཡུན་ཐུང་སྐར་བཅུའི་རིང་ལ་ཞབས་ཞུ་བས་གློག་འཕྲུལ་བསྐོར་ནས་ཁྱེད་ཀྱི་སྒོ་དྲུང་དུ་མགྱོགས་ཟས་སྐྱེལ་འདྲེན་བྱས་ནས་སླེབས་སྲིད་པ་རེད། བྱ་བའི་དགོས་དབང་གིས་ཟ་འཐུང་ལའང་ཁོམ་སྐབས་ཕྲན་ཙམ་མེད་པའི་འཛད་སྤྱོད་པ་ཞིག་ལ་མཚོན་ན། དེ་ནི་སྟབས་བདེ་ཞིང་ལས་ཀ་ལྷག་མ་སྒྲུབ་མཁན་ཞིག་ལ་ཕན་པའི་གྲོགས་སུ་གྱུར་འདུག་མོད། འོན་ཏེ། ཆེད་གཉེར་གསོལ་ཚིགས་ཁང་དང་ཟ་ཁང་ཆེ་ཆུང་གི་འཛད་སྤྱོད་བྱ་བར་མཚོན་ན། ཚོང་ལམ་བཟང་པོར་བར་ཆད་བཟོས་པ་ལས་ཕན་པ་ཕྲན་ཙམ་ཡང་བསྐྲུན་མེད་དོ།།

    སྤྱིའི་ཆ་ནས་བློ་ཡིས་དཔོག་ཅིང་སེམས་ཞིབ་མོས་བསམ་གཞིག་བཏང་ཚེ། དྲྭ་རྒྱའི་ཚོང་ལས་དར་བ་འདིས་འཚོ་བའི་འཁོར་བསྐྱོད་ལ་སྟབས་བདེ་གང་ལེགས་བསྐྲུན་པ་བདེན་དུ་ཆུག་མོད། འོན་ཏེ་སྲོལ་རྒྱུན་འཚོ་བ་རོལ་སྟངས་ཀྱི་ལྡོག་ཟླར་འགྲེང་བའི་དྲྭ་ཐོག་ཚོང་རའམ་དྲྭ་ཐོག་མགྱོགས་ཟས་སྐྱེལ་འདྲེན་གྱི་ཞབས་ཞུའི་ལས་ཀ་འདིས་ཐད་ཀར་དུ་ང་ཚོ་མིའི་རིགས་ལ་ལེ་ལོ་དང་སྒྱིད་ལུག་གི་རོགས་དན་མཛད་བཞིན་པ་ཁོ་ནའོ།། དེ་སྔ་ང་ཚོར་འཚོ་བའི་དགོས་མཁོ་ཅི་རིགས་མཐའ་དག་གྲོང་དང་གྲོང་ཁྱེར་གྱི་གྱོན་གོས་ཚོང་ཁང་ངམ་ཁྱིམ་སྤྱོད་ཚོང་ཁང་། ཟས་རིགས་ཚོང་ཁང་སོགས་སུ་སྐུ་དངོས་སུ་རྡོག་པས་བརྫིས་ཏེ་ཚོང་རྫས་ཀྱི་ཆེ་ཆུང་དང་བཟང་ངན། རྒྱུ་སྤུས་ཡག་ཙོག་ལ་ཐད་ཀར་དུ་བརྡར་ཤ་བཅད་ཆོག་པའི་ཁར། རང་ཉིད་ཀྱི་མོས་པ་དང་འདོད་པ་ལྟར་གདམ་གསེས་དང་ལེགས་ཉེས་ཀྱི་སྤུ་རིས་གསལ་བོར་འབྱེད་ཆོག ཡིན་ཡང་དྲྭ་ཐོག་ཚོང་ར་རུ་རང་ཉིད་ཀྱི་མིག་དབང་གཅིག་པུས་ཚོང་རྫས་ཀྱི་བཟང་ངན་ཡག་ཙོག་ལ་ཁ་ཚོན་གཅད་དགོས་ཤིང་རིགས་དབྱེ་དགར་དགོས་པ་རེད། ཡིད་འཇོག་གསལ་བོ་མ་བྱས་ཚེ་དྲྭ་ཐོག་གི་ཚོང་རྫས་མང་ཆེ་བར་ཁྲ་ཁྲ་རིག་རིག་དང་ཁ་དོག་སྣུམ་པོས་ལས་སྣོན་བགྱིས་ཏེ་མ་གཞིའི་དངོས་པོའི་རང་བཞིན་བསྒྱུར་བཅོས་བྱས་ཡོད་ལ། མཛེས་སྤྲས་ཀྱི་ཁ་སྣོན་རབ་དང་རིམ་པ་བྱས་ཡོད་པས་དོན་དངོས་ཚོང་རྫས་དང་བསྡུར་ཚེ་ལྡབ་གཉིས་གསུམ་ལས་ཁྱད་དུ་འཕགས་ཤིང་མིག་དབང་འཕྲོག་པའི་ཁྱད་ཆོས་དོད། དྲྭ་ཐོག་མགྱོགས་ཟས་སྐྱེལ་འདྲེན་གྱི་ཞབས་ཞུ་ལྟ་བུར་མཚོན་ན་ཡང་། ཟས་ཀྱི་བཟང་ངན་ལ་ཁག་ཐེག་བྱེད་མི་ཐུབ་པའི་ཁར། བེད་སྤྱོད་དུས་ཡུན་ཡོལ་བའམ་ཟས་རིགས་ཀྱི་རྒྱུ་ཆའི་བཟང་ངན་གྱི་ཐད་ཁག་ཐེག་ཁྱོན་ནས་བྱེད་མི་ཐུབ་པའི་རྐྱེན་གྱིས། མི་སྒེར་གྱི་བདེ་ཐང་ལ་གནོད་འཚེ་ཡོད་པའང་སྨོས་མ་དགོས།

    དེར་བརྟེན། ཨང་ཀིས་རྩིས་བཤེར་དང་ཚོད་འཛིན་བྱེད་པའི་འགྲོས་མགྱོགས་པའི་དྲྭ་རྒྱའི་དུས་རབས་ཀྱི་སུག་རྗེས་སུ་ང་ཚོ་ནམ་ཡང་ཆོད་དཀའ་ན་ཡང་། འཚོ་བའི་འཁོར་རྒྱུག་དང་བསྟུན་ཏེ་སྙིགས་དོར་བཅུད་ལེན་དང་ལེགས་ཉེས་བླང་དོར་སྒོས་གང་ལ་གང་འཚམ་དང་དེ་ལ་དེ་བསྟུན་གྱིས་འཚོ་བར་མཐུན་རྐྱེན་ལེགས་པོ་སྒྲུབ་པ་ལས། དྲྭ་རྒྱ་ལས་བྱུང་བྱུང་ཐམས་ཅད་ལག་ལེན་དང་བདེན་པར་བརྩིས་ཏེ་ཡིད་ཆེས་དང་བློ་གཏད་ཆོག་པ་ཞིག་ཁྱོན་ནས་མེད་དོ།། ལྷག་པར་མྱུར་མགྱོགས་དྲྭ་རྒྱའི་སྒང་དུ་དངོས་པོ་གང་ཞིག་ཉོ་བའམ་དམངས་སྒོར་ཅི་ཙམ་ཞིག་བརྒྱུད་བསྐུར་བྱེད་པའི་སྐབས་སུ། གལ་ཏེ་ཁྱོད་ཀྱི་ལས་མ་བཟང་ཚེ་ཚོང་རྫས་རྫུན་མ་དང་ཤོག་སྒོར་འཕྲི་འཐེན་གྱི་མགོ་གཡོག་མགོ་སྐོར་རམ་བསླུ་བྲིད་གཟེབ་འོག་ཏུ་ཅི་ལྟར་ཚུད་པའང་ཁྱོན་ནས་མི་ཤེས་པས། དྲྭ་ཐོག་གི་ཡོད་ཚད་བདེན་པར་རློམ་པ་ནི་རང་ཉིད་ཕུང་བའི་རྒྱུ་དང་གོལ་ལམ་ལ་ཞུགས་པའི་ཉེན་ཁའི་གནས་ཡིན་པས། གཟབ་གཟབ་ཡིད་འཇོག་བྱ་དགོས་པ་ཀུན་གྱིས་རྟོགས་པར་འཚལ་ལོ།།


  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:རྩྭ་ཐང་གི་དུས་བཞི།