ཝང་ཆི་ཧྲན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-11-01

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གིས་གདན་ཞུ་བྱས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མཛད་དེ། སོ་སོར་ཨབ་ཀྲ་པེ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧྭན་མོ་ཏི་ལ་མཇལ་འཕྲད་གནང་བ་དང་། ཏིས་པད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི། ཏིས་པད་ཀྱི་ཚོ་དཔོན་མུའུ་ཧྭ་མོ་ཏི་ལ་མཇལ་འཕྲད་གནང་།

ཨབ་ཀྲ་པེ་ནས་རྒྱལ་རྒྱུད་མུའུ་ཧྭན་མོ་ཏི་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ད་ལོའི་ཟླ་བདུན་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་དེ། རྒྱལ་རྒྱུད་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གནས་ཐིག་གསར་བ་གཏན་ཁེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་ཀྱི་འཕེལ་རྒྱས་ཐད་ནས་རྨང་གཞི་བརྟན་པོ་བཏིངས་པ་དང་། ཁ་ཕྱོགས་གསལ་བོ་བསྟན། ལོ་ངོ་མང་པོའི་རིང་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྣ་མང་དང་སྤྱི་ཚོགས་སྒོ་འབྱེད། ཆོས་ལུགས་འགྲིག་མཐུན། རིག་གནས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་དང་དེང་རབས་མཉམ་བསྲེས་ཀྱི་ལམ་བུ་གསར་དུ་བཏོད་པ་དང་། ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་མ་དཔེ་སྐྲུན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་རྒྱུད་ཀྱིས་མུ་མཐུད་དུ་ཙུང་ཐུང་ཀྲ་ཡའེ་ཏི་ཡི་ཀྲུང་གོའི་ཐད་ཀྱི་མཛའ་བརྩེའི་སྲིད་ཇུས་རྒྱུན་འཛིན་དང་དར་སྤེལ་བཏང་བར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་།  རྒྱལ་རྒྱུད་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གྲྭ་ཉིས་བརྒྱ་རུ་རྒྱ་ཡིག་གི་སློབ་ཁྲིད་འཛུགས་རྒྱུའི་འཆར་གཞི་བཏོན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་གཞོགས་འདེགས་ཆེན་པོ་བྱས་ནས་དམིགས་འབེན་དེ་སྔ་མོ་ནས་མངོན་འགྱུར་བྱེད་འདོད་ཡོད། ང་ཚོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་མཚོ་འགག་མཉམ་ལས་ཨུ་ཡོན་ལྷན་ཁང་རང་དབང་ཉོ་ཚོང་ཁུལ་གྱི་གྲོས་མོལ་སྔ་མོ་ནས་ཡང་བསྐྱར་འགོ་རྩོམ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཏན་འཇགས་ཐད་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ལས་དོན་ཁྲོད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་འཐབ་འོག རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་ཐུབ་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་པར་ང་ཚོའི་ཡིད་ཆེས་བརྟན་པོ་བཅིངས་ཡོད་ཟེར།

ཨབ་ཀྲ་པེ་ཡི་རྒྱལ་རྒྱུད་མུའུ་ཧྭན་མོ་ཏི་ཡིས་བསྟན་དོན། སྔོན་ཏག་ཏག་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཕྱི་ཕྱོགས་འབྲེལ་བའི་གཙོ་གནད་དུ་བརྩི་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་སྦས་ཤུགས་སྔོག་འདོན་བྱེད་པ། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་རྒྱ་ཆེ་སའི་བརྗེ་རེས་དང་མཉམ་ལས་དམ་ཟབ་ཏུ་སྤེལ་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཙུང་ཐུང་གཞོན་པ་དང་ཙུང་ལི་མུའུ་ཧྭན་མོ་ཏི་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་བསྟན་དོན། ཏིས་པད་ཀྱིས་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཚུལ་བསྒྱུར་མངོན་འགྱུར་བྱས་པ་དང་། ཏིས་པད་ནི་གསོན་ཤུགས་དང་སྐྱེ་སྟོབས་ཀྱི་འབར་བའི་གྲོང་ཁྱེར་ཞིག་ཡིན་ལ། དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སྣང་བརྙན་འགྲེམ་སྟོན་བྱེད་པའི་མིང་བྱང་དུ་གྱུར་ཡོད། ངས་ཐེངས་འདིར་འཚམས་འདྲི་བྱེད་དོན་ནི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་བརྗེ་རེས་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མཛད་སྐབས་ཕན་ཚུན་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དེ་བྱེ་བྲག་གི་བྱ་བའི་ཁྲོད་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞི་འོག་གི་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་དང་། ཕྱོགས་གཉིས་ཀྱིས་དངུལ་རྩ་དང་གསར་གཏོད། མིའི་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་མ་ཟད། ཏིས་པད་ཀྱི་མཚོ་ཆུའི་འབྲས་ལས་གཞི་མགྱོགས་མྱུར་སྒོས་སྤེལ་ཆོག་ཟེར།

ཙུང་ཐུང་གཞོན་པ་དང་ཙུང་ལི་མུའུ་ཧྭན་མོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་ནུས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མིག་སྔར། ཀྲུང་གོ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉོ་ཚོང་གྲོགས་པོ་རྒྱལ་ཁབ་ཆེན་པོ་རུ་གྱུར་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཇལ་འཕྲད་སྔོན་དུ། རྒྱལ་རྒྱུད་མུའུ་ཧྭན་མོ་ཏི་ཡིས་ཙུང་ཐུང་བཞུགས་ཤག་ནས་ཝང་ཆི་ཧྲན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།


  • ལེ་ཚན་སྔོན་མ།:ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཧྥ་རན་སིའི་རྒྱ་མཚོའི་འཁོར་སྐར་རྒྱལ་ཁའི་ངང་བཏང་བར་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་སེང་གེ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུའི་ཆག་སྒོའི་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
  • དོ་སྣང་ཆེ་བའི་རྩོམ།