གནའ་དུས་སྐུ་དྲག་རྣམས་ཀྱི་རྒྱན་གོས་དང་རྟ་རྒྱན།

    ཁམས་པའི་ཚགས་པར་ལས་དྲངས།    2010-08-18

གནམ་དུས་སུ་དཔོན་རིགས་རྣམས་ཀྱི་ཆས་གོས་ནི་སོ་སོའི་ལས་གནས་ལ་གཞིགས་པའི་ལས་གོས་རྣམ་གྲངས་མང་ཞིང་།རྒྱུ་ཆ་དང་།བཟོ་དབྱིབས།ཚོས་གཞི་སོགས་རྣམ་པར་བཀྲ་བ་མིག་འཕྲུལ་བ་ཞིག་ཡོད།ཆས་གོས་དེ་རྣམས་ཀྱི་ཁྲོད་དུ་དེ་སྔ་ནས་བོད་རིགས་རང་གི་ཆ་ལུགས་སུ་གྱུར་པ་རིན་རྒྱན་དང་རྒྱ་ལུ་ཆས་སོགས་ཡོད་པར་མ་ཟད།བར་སྐབས་མོང་གོལ་དཔོན་རིགས་ཀྱི་ཆས་སུ་གཏོགས་པ་ཁར་ཁ་སུ་དང་།ཞྭ་མོ་ཝ་གི་སོགས་ཀྱང་ཡོད།དཔོན་རིགས་རྣམས་ནི་དུས་ཆེན་སོ་སོ་དང་མཛད་སྒོ་འདྲ་མིན་སོ་སོར་གཏན་འབེབས་གཞིར་བཟུང་གི་ཆ་ལུགས་མི་འདྲ་བ་བསྣབ་པར་བྱེད་ལ།དེ་སྔ་ཆིབས་བསྒྱུར་སྐབས་སེར་སྐྱ་དཔོན་རིགས་ཁག་རང་རང་སོ་སོར་ཐ་དད་པའི་གཟབ་བཞེས་ཀྱི་ཆས་སུ་ཞུགས་པར་མ་ཟད།བཞོན་རྟ་ལའང་གསེར་ཚག་གིས་མཛེས་པར་བྱས་ཤིང་གཡུ་བྱིལ་སོགས་ཀྱིས་ལེགས་པར་བརྒྱན་པའི་གསེར་སྒ་དང་།གསེར་སྲབ།གསེར་རྨེད་དང་དོམ་དོམ།དཔྲལ་ཁེབས།ཆིབས་ཏོག ཟར་ཆེན།ཟར་ཆུང་།སྒ་ཤུབས་སོགས་ཀྱི་རྒྱན་སྤྲོས་མཛེས་པར་སྤུད་པ་སོགས་དཔོན་རིགས་རིམ་པ་དང་།ལས་ཚན་སོ་སོའི་རྒྱན་གོས་རེ་རེ་བཞིན་འགོད་པ་ལ་རྣམ་གྲངས་ཤིན་ཏུ་མང་སྟབས་ཡིག་ཚོགས་ཆེ་བས་འདིར་མ་བཀོད།  དེང་སང་ལྷ་སའི་སྐྱེ་བོ་རྣམས་ཀྱི་གཞི་རྩའི་གྱོན་ཆས་ཕྱུ་ཆེན་རང་ཡིན་པ་ལས་བུད་མེད་ལྟ་ཕུ་མེད་གྱོན་སྲོལ་མེད་ཀྱང་།དབྱར་དུས་སུ་ཕུ་ཐུང་གཡས་པ་འབུད་པ་དང་།ཧ་ཅང་ཚ་བའི་དུས་སུ་ཕུ་ཐུང་གཉིས་ཀ་ཕུད་དེ་སྐེད་བར་དཀྲིས་ནས་སྡོད།དགུན་དུས་སུ་རྒྱབ་ཤ་འདྲ་མིན་གྱི་པགས་ཚག་གྱོན་པར་བྱེད།ལོ་ན་གཞོན་པ་རྣམས་ཀྱི་ཕྱུ་པའི་རྒྱབ་ཕྱོགས་སུ་རྐུབ་སུལ་བཞི་ནས་དྲུག་སྒྲིག་པ་དང་།ལ་ལས་ལུས་ཀྱི་སྟ་ཟུར་ལ་ཟུར་ལྟེབས་སྒྲིག་པར་བྱེད།རྐང་པར་ཀོ་ལྷམ་དང་།ཟོམ་པ།འཇུར་ཏ་ཡུ་རིང་བཅས་རང་འདོད་ལྟར་གྱོན།མགོ་ལ་དབྱར་དུས་སུ་ཕྱིང་ཞྭ་དང་དགུན་དུས་སུ་ཚེ་རིང་སྐྱིན་ཁེབ།འཇའ་བཏང་པགས་སློག་བཅས་གྱོན།སྤྱིར་ན་སྐྱེས་པ་མང་ཆེ་བ་ཆུང་དུས་ནས་སྐྲ་ལོ་རྒྱག་པ་དང་།རྣ་ཅོག་གཡས་པར་གཡུ་བྱུར་དང་གཡོན་མར་ཨ་ལོང་འདོགས་པར་བྱེད་ཀྱང་།མི་དྲག་རྣམས་ཀྱི་བུ་ཚོས་ལྕང་ལོར་གཡུ་རྒྱག་པ་དང་རྣ་ཅོག་གཡོན་མར་སོག་བྱིལ་འདོགས་སྲོལ་ཡོད།
  ལྷ་སའི་བུད་མེད་རྣམས་གཟབ་མཆོར་སྐབས་ཀྱི་རྒྱན་ཆ་ནི་ལྷག་པར་མཛེས་ཤིང་འཇིག་རྟེན་གྱི་མི་རིགས་གཞན་པ་སུ་དང་ཡང་མི་འདྲ་བར་བོད་མི་རིགས་རང་གི་དམིགས་བསལ་ཁྱད་ཆོས་ཤུགས་ཆེན་ལྡན་པ་ཞིག་ཡིན་པས་ཅུང་ཟད་སྨྲ་ན།ཉེ་རབས་ཀྱི་ལྷ་སའི་བུད་མེད་ཀྱི་གྱོན་ཆས་ནི་བོད་མི་གཞན་དང་འདྲ་བར་ཕྱུ་པ་གྱོན་པར་བྱེད།དེ་ཡང་གོས་ཆེན་དང་།ཐེར་མ།རས།སྣམ་བུ་སོགས་ཀྱིས་བཟོས་ཏེ་སྟོན་དཔྱིད་གཉིས་ལ་ཕུ་ཡོད་དང་།དབྱར་ཁ་ཕུ་མེད།དགུན་དུས་སུ་པགས་ཚག་བཅས་གྱོན།རྐང་ལྷམ་ནི་ཟོམ་པ་དང་འཇུར་ཏ་རང་འདོད་ལྟར་བྱེད།ཆུང་དུས་ནས་སྐྲ་ལ་ལྕང་ལོ་རྒྱག་པ་དང་།བུ་མོས་ལྕང་ལོའི་ཐོག་ལྟག་འཛར་ཞེས་གཡུ་དང་བྱུ་རུ་སྤེལ་མར་བསྒྲོགས།མི་དྲག་ཆེ་གྲས་ཀྱི་བུ་མོ་རྣམས་ལྟག་འཛར་གྱི་སྟོད་དུ་གའུ་རྒྱག་པ་དང་།རྣ་བར་མུ་ཏིག་དང་ཕ་ལམ་སོགས་རང་གི་འཁོས་བབ་ལ་དཔག་པའི་རིན་པོ་ཆེའི་རྣ་རྒྱན་འདྲ་མིན་འདོགས་པར་བྱེད།བུ་མོ་རྣམས་ལོ་ན་ཚར་ཏེ་མནའ་མར་མ་སོང་གོང་དུ་ཕ་མས་དུས་ཚིགས་བཟང་པོ་ཞིག་ལ་སྤ་ཕྲུག་གཡོགས་ཏེ་རྟེན་འབྲེལ་བྱེད།དེ་ནས་བཟུང་གཞི་ནས་བུ་མོ་སྐྲ་གཉིས་ལྷས་བྱེད་པ་དང་།པང་གདན་འཆིང་པར་བྱེད།སྤྱིར་བཏང་ལྷ་སའི་བུད་མེད་རྣམས་དབྱར་དུས་སུ་ཞྭ་མོ་མི་གྱོན་ཡང་།ཅུང་ལོ་ན་ཆེ་བ་རྣམས་གླིང་སྐོར་སོགས་ཉི་འོག་ཏུ་འགྲོ་སྐབས་བསྐལ་བཟང་བསིལ་གཡབ་ཅེས་སྨྱུག་མའི་རྩིས་རུས་ཅན།རྒྱུ་ཐེར་མ་དང་གོས་ཆེན་སོགས་གང་རུང་ལས་བཅོས་པ།དཔྲལ་སྒྲོག་གིས་བཅིངས།དགུན་དུས་སུ་བུ་མོ་ཚོས་ཡང་ཞྭ་ཞེས་ཐེར་མ་སོགས་ཀྱིས་བཟོས་པའི་ཞྭ་མོ་རྒྱབ་མདུན་གཉིས་ལ་ཆུང་བ་རེ་པགས་པའམ་སྤུ་མ་གྲ་རིང་གིས་བརྒྱན་པ་ཞིག་གྱོན་པར་བྱེད།ན་ཚོད་ཅུང་ཆེ་བ་རྣམས་ཀྱི་སྐེད་པ་ནས་འཕོངས་ཚོས་བར་ཁེབས་པའི་པགས་པའམ་བར་ཚངས་ཅན་གྱི་སྐེད་དཀྲིས་དཀྲི་བར་བྱེད།ལྷ་སའི་ཁོངས་གཏོགས་ཀྱི་ཉེ་འདབས་ཞིང་ཁུལ་དུ་ལྗོངས་ཡོངས་ཀྱི་ཞིང་ཁུལ་དང་འདྲ་བར་བུད་མེད་མང་ཆེ་བའི་ལག་པ་གཡས་པར་དུང་འཁོར་དཀར་པོ་རེ་གྱོན་སྲོལ་ཡོད།
 

  • ལེ་ཚན་སྔོན་མ།:བོད་ཀྱི་དེབ་ཐེར་ནང་བཀོད་པའི་རྒྱན་གོས་སྐོར་གྱི་གླེང་ཚུལ།
  • ལེ་ཚན་རྗེས་མ།:མཛེས་པའི་གཟབ་མཆོར་སྐབས་ཀྱི་རྒྱན་ཆ།