སྔར་ལྷག་གིས་རང་བྱུང་གནོད་འཚེ་འགོག་བཅོས་ལས་ཀར་ཤུགས་བརྒྱབ་སྟེ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་ངང་འཕེལ་རྒྱས་གཏང་དགོས།

        2018-10-22

སྔར་ལྷག་གིས་རང་བྱུང་གནོད་འཚེ་འགོག་བཅོས་ལས་ཀར་ཤུགས་བརྒྱབ་སྟེ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་ངང་འཕེལ་རྒྱས་གཏང་དགོས།

     ཟླ་བ10པའི་ཚེས14ནས16ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་འཁྱོལ་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛིན་ཞིང་དོན་འཁྱོལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཚུལ་གྱི་རྗེས་མཐུད་གནོད་སེལ་ལས་ཀ་ཡག་མོ་བསྒྲུབ་ཅིང་། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་གཙོ་གནད་ལས་ཀ་ཁག་སྐུལ་འདེད་ཏན་ཏིག་བཏང་ནས་ཧུར་ཐག་གིས་རང་རེའི་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ལེགས་ངང་འཕེལ་རྒྱས་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

     དབྱི་ལིས་སྔ་ཕྱིར་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཆུ་ཤག་ཆེས་ཆེ་བ་བརྒྱུད་ཡུལ་དཔལ་ཡུལ་རྫོང་གི་གཡས་པ་ཐང་གློག་འདོན་ས་ཚུགས་དང་འབའ་ཐང་རྫོང་གི་གྲུ་བ་ནང་ཤང་ལི་གྲོང་སྡེའི་བྱང་སྒང་མང་ཚོགས་གནོད་གཡོལ་ས་ཚུགས་སོགས་སུ་གནོད་སྐྱོན་ཐེབས་ཚུལ་ཆ་རྒྱུས་བླངས་པ་དང་ཁེ་ལས་ཀྱི་མི་སྣ་དང་གནོད་གཡོལ་གཞན་སྤོ་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། ཚང་མར་ཉེན་ཆེའི་གནས་ཚུལ་ཤུགས་རྐྱེན་ཐེབས་པར་ཁྱད་བསད་བྱས་ནས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་མགྱོགས་གང་ཐུབ་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་ཉམས་གསོ་བྱ་དགོས་ཞེས་སྐུལ་མ་བཏང་། 

     དབྱི་ལིས་གཙོ་འགན་བཞེས་ནས་དཔལ་ཡུལ་རྫོང་དུ་ལས་དོན་གྲོས་མོལ་ཚོགས་འདུ་འཚོགས་ཤིང་དཀར་མཛེས་ཁུལ་གྱིས་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་བབ་བསྟུན་ཉེན་སྐྱོབ་གནོད་སེལ་ལས་ཀའི་སྙན་སེང་ཞུ་བར་གསན་འཇོག་གནང་རྗེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཆེད་རམས་པ་མཉམ་དུ་གྲོས་མོལ་བྱས་ནས་རྗེས་མཐུད་ཀྱི་ལས་ཀ་ཡག་མོ་བསྒྲུབ་རྒྱུར་བཀོད་སྒྲིག་མཛད་པ་རེད།

     དབྱི་ལིས་ནན་གསུང་གནང་དོན། འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁའི་གནས་ཚུལ་དེ་ཕལ་ཆེར་ཚོད་འཛིན་ཐུབ་ཡོད་། དཀར་མཛེས་ཁུལ་དང་འབྲེལ་ཡོད་རྫོང་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་པ་བྱས་ནས་མུ་མཐུད་ནས་ལས་ཀ་ཁག་ཡག་མོ་ཏན་ཏིག་བསྒྲུབ་པ་དང་། གནོད་འཚེའི་གྱོང་གུན་ཆེས་ཆེར་ཆག་ཐུབ་པ་བྱ་དགོས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཚད་མཐོན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆུ་བསྐྱིལ་མཚེའུའི་སྟོད་སྨད་རྒྱུད་ཀྱི་ཉེན་ཁ་ཡོད་སར་ཕྱོགས་བསྡུས་གཙང་བཤེར་དང་ལྟ་སྐུལ་ཚད་ལེན་བྱ་རྒྱུར་ཤུགས་བསྣན་དགོས། སྔར་ལྷག་གིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་སྐྱོན་ཐེབས་ཡུལ་གྱི་གནོད་གཡོལ་མང་ཚོགས་གོ་རིམ་ཡོད་པའི་སྒོ་ནས་ཁྱིམ་དུ་ཚུར་ལོག་པ་དང་བཀོད་སྒྲིག་ལས་ཀ་ཡག་མོ་བསྒྲུབ་དགོས། དམངས་སྲིད་གནོད་སྐྱོབ་སྲིད་ཇུས་དོན་འཁྱོལ་ཡག་མོ་བྱས་ནས་མང་ཚོགས་བདེ་བའི་ངང་དགུན་བརྒལ་ཐུབ་པར་ཁག་ཐེག་བྱ་དགོས།

     དབྱི་ལིས་ད་དུང་ལྕགས་ཟམ་རྫོང་དང་དར་མདོ་གྲོང་ཁྱེར། དཀར་མཛེས་རྫོང་སོགས་ས་གནས་སུ་རང་རེའི་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

     ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམག་ཁུལ་གྱི་སི་ལིན་ཡོན་ཅང་ཡུང་ཧྲེང་དང་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་བརྟག་དཔྱད་ཞིབ་འཇུག་ནང་ལྷན་ཕེབས་གནང་ཡོད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་བཅས་བརྟག་དཔྱད་ཞིབ་འཇུག་ཁྲོད་དུ་ཞུགས་ཡོད།། 


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་དགུ་གཉིས་རྒན་རྒོན་དུས་ཆེན་ལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:འཕེལ་རྒྱས་ཀྱི་འགོག་རྐྱེན་མེད་པར་བཟོས་ནས་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་། ཡུལ་བབ་དང་བསྟུན་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།