སེམས་ཀྱི་དྲན་སྐུལ།

ཚེ་སྐྱབས་ནོར་བུ།        2018-10-19

ཀ་མཆེད་གཞུང་ལུགས་སློབ་རོགས་ན་གཞོན་ཚོ།།

ཁ་བཤད་རྫུན་ལ་མ་གཡེང་བདེན་པ་བྱོས།།

ག་ལེར་མ་འགྱང་ད་ནས་མདུན་དུ་སྐྱོད།།

ང་ཚོར་ཀུན་གྱིས་བཅངས་བའི་རེ་བ་ཡོད།


ཅ་ཅོའི་རྙོག་གཏམ་མ་གླེང་རང་ཚུགས་ཟུངས།།

ཆ་མེད་ལུགས་མེད་མ་བྱེད་སྲོལ་རྒྱུན་སྤེལ།།

ཇ་ཆང་ཟས་ལ་མ་གཡེང་བརྩོན་པ་རེམ།།

ཉ་གེ་ཉོག་གེ་ངང་ནས་དོན་མི་འགྲུབ།།


ཏ་ཀུ་འཛིན་པའི་སྤྲང་བོར་མ་འགྱུར་སྔོན།།

ཐ་མ་བྱས་ནས་མ་སྡོད་ལས་ལ་འབད།།

ད་ལྟའི་སྐལ་བ་ཅི་རྟག་སུ་ཡིས་ཤེས།།

ན་རིམ་ཆུང་ནས་རྒས་བ་ཆོས་ཉིད་རེད།།


པ་ཏྲའི་རི་མོ་བཞིན་གྱི་མི་ཚེ་འདི།།

ཕ་མེས་མི་རབས་བརྒྱུད་པའི་སྐས་རིམ་ཞིག།

བ་རྫི་བེའུ་རྫིའི་བླུན་པོ་བྱེད་བསམས་བསམ།།

མ་ཡུལ་འགྲིམ་པའི་བློ་གསལ་རྣལ་མར་སེམས།།


ཙ་རི་མཐོན་པོའི་ཡང་རྩེར་འགྲོ་དགོས་ན།།

ཚ་གྲང་བཀྲེས་སྐོམ་གང་ལ་མི་འཛེམ་པ།།

ཛ་དྲག་བྱ་གཞག་ཐམས་ཅད་ལེགས་འགྲུབ་ཆེད།།

ཝ་མོའི་སྒྱིད་ལུག་དོར་ནས་སློབ་གྲྭར་སོང་།།


ཞ་བོ་མིན་ཡང་རང་རིགས་རྗེས་ལུས་རེད།།

ཟ་བཅའི་དཔལ་འབྱོར་ཉམས་ན་རང་སྡུག་ཡིན།།

འ་འུར་དགའ་སྟོན་ཅི་ཙམ་བྱེད་གྱུར་རུང་།།

ཡ་མཚན་རང་རིགས་རང་ངོ་ཅི་མི་གསལ།།


ར་བ་གངས་ཀྱིས་བསྐོར་བའི་གདོང་དམར་བ།།

ལ་རྒྱ་ཟེར་ཡང་ཤེས་བྱ་རིག་གནས་རེད།།

ཤ་དང་རུས་རྐང་གཅིག་པའི་ཁྱོད་དང་ང་།།

ས་ཕྱོགས་གང་ནས་འཕྲད་ཀྱང་མཐུན་སྒྲིལ་བྱོས།།


ཧ་ལམ་སྙིང་གཏམ་ཚང་མ་བརྗོད་ཚར་སོང་།།

ཧ་ཧ་ཕོག་ཐུག་བྱུང་ན་བཟོད་པར་གྱིས།།

ཨ་ཕ་ཨ་མས་གནང་བའི་མི་ལུས་འདི།།

ཨ་ལ་རང་གིས་བརླག་ན་མི་འགྱོད་དམ།།


  • ལེ་ཚན་སྔོན་མ།:སང་ཉིན་གྱི་ཁེར་རྐྱང་ལ་བྲིས་པ།
  • ལེ་ཚན་རྗེས་མ།:སྟོན་ནམ་རིང་མོའི་རྨི་ལམ།