སྤྱི་བདེ་ལས་ཁུངས་ཀྱི2018ལོའི་དྲྭ་རྒྱ་གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།

        2018-10-17

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། དྲྭ་ཐོག་གི་ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་སྣ་ཚོགས་མངོན་གསལ་དོད་པ་སྟེ་དྲྭ་རྒྱའི་ནག་ཚོང་ཁྲོམ་རའི་སྨྱོ་ཧམ་དང་། དྲྭ་རྒྱའི་མགོ་སྐོར་གཡོ་ལེན། འདོད་ཆགས། རྒྱན་འགྱེད་བཅས་དང་དེ་བཞིན་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཟོ་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཐོན་མང་བར་དམིགས་ནས་བདེ་འཇགས་དང་སྤྱོད་གཙང་གི་དྲྭ་རྒྱའི་ཁོར་ཡུག་ཅིག་བསྐྲུན་ཆེད། འདི་ལོའི་ཟླ་གཉིས་པར་སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་དུས་ཡུན་ལོ་གཅིག་གི་དྲྭ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་དྲྭ་རྒྱ་གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། ཆེད་དོན་བྱ་སྤྱོད་སྤེལ་ནས་ཟླ་བ་དྲུག་སོང་ཚུན་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲྭ་རྒྱའི་ཟང་ཟིང་གི་རྡུང་རྡེག་བཅོས་སྒྲིག་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་པ་དང་། ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་གྱི་བརྒྱུད་གཏོང་ཡོང་ཁུངས་གཅིག་སྡུད་ཐོག་གཙང་སེལ་བྱེད་པ། དྲྭ་སྦྲེལ་ཁེ་ལས་ཀྱི་བདེ་འཇགས་དོ་དམ་འོས་འགན་དོན་འཁྱོལ་ལ་ཤུགས་བརྒྱབ་པ། དྲྭ་རྒྱའི་ཉེས་གསོག་གྱོད་གཞིའི་མྱུལ་ཞིབ་དང་ཐག་གཅོད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་པས་ཉེས་དོན་གྱོད་གཞི22000ལྷག་ཙམ་རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན33000ལྷག་ཙམ་བཟུང་ནས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་བརྒྱུད་གཏོང་གི་ཡོང་ཁུངས་ནུས་ལྡན་ངང་གཙང་སེལ་བྱ་ཆེད། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་ཐོན་མང་བའི་ཁུལ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་ཁྲི156ལྷག་ཙམ་གཙང་སེལ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དྲྭ་རྒྱའི་ཨང་གྲངས་ཁྲི5ལྷག་ཙམ་སྤྱོད་མཚམས་བཞག་པ། རྒྱལ་མཚམས་ནང་གི་དྲྭ་སྦྲེལ་ཁེ་ལས་ཀྱི་ཁྲིམས་འགལ་ཉེས་གསོག་དྲྭ་ཤོག་དུང་ཕྱུར2.04ལྷག་ཙམ་ལ་ཞིབ་བཤེར་བྱ་རྒྱུའི་མཛུབ་ཁྲིད་བྱས། དཔེ་བཏུས་རོལ་དབྱངས་དང་། ཤིན་ལང་དཔོད་ཆུང་། ཁྱི་འཚོལ་པར་རིས། ཝང་དབྱི་དཔོད་ཁུག 360འཚོལ་བཤེར་སོགས་སུ་མེ་མདའ་དང་། ལག་ཁྱེར་རྫུན་མ། དངུལ་ཁང་གི་དངུལ་བྱང་དང་འཛིན་བྱང་རྫུན་མ། དྲྭ་ཐོག་སྨད་ཚོང་མ་འཚོལ་བ་སོགས་དང་འབྲེལ་བའི་ཁྲིམས་འགལ་ཆ་འཕྲིན་བརྒྱུད་གཏོང་གི་དྲྭ་ཚུགས་ལེ་ཚན43དང་དེ་བཞིན་དུས་རབས་དྲྭ་སྦྲེལ་དང་། འབུམ་རམས་པ་ཕོང་གི་དྲྭ་ཆེན། ཧང་ཀྲོའུ་གློག་འཕྲིན། ཀྲེང་ཀྲོའུ་འཕྲིན་འབྲེལ་སོགསIDC(དྲྭ་སྦྲེལ་གྲངས་གཞིའི་ལྟེ་གནས)119ལ་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་དང་བཅོས་སྒྲིག་བྱས་པ་རེད།།


  • ལེ་ཚན་སྔོན་མ།:འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་དང་བོད་ལྗོངས་སུ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་གཏོང་འདྲེན་བྱས་པ།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།