དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁར་ཚོད་འཛིན་ནུས་ལྡན་ཐེབས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2018-10-15

    སྤྱི་ཟླ10པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པར། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་འབྲེལ་མཚམས་དཔལ་དགེ་གྲོང་སྡེར་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་ཆགས་པས།དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་བཅས་འབྲི་ཆུའི་སྨད་རྒྱུད་དུ་ཡོད་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཇིགས་ཐེབས་ཉེན་ཡོད་པ་རེད།ཉེན་ཁ་ཆེ་བའི་གནས་ཚུལ་བྱུང་མ་ཐག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་མཐོང་ཆེན་གནང་འོག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནོད་གཡོལ་ཉེན་སྐྱོབ་ལས་ཀ་སྤེལ་ཞིང་། ཏང་སྲིད་དམག་དང་མི་དམངས་ཉེན་རྟོག་པ། མང་ཚོགས་བཅས་ཧུར་ཐག་གིས་ཞུགས་པ་དང་། འབྲི་ཆུའི་རྒྱུད་ངོགས་སུ་གནས་པའི་མང་ཚོགས་ཀྱིས་ཀྱང་གནོད་གཡོལ་ལས་ཀར་རམ་འདེགས་ཧུར་ཐག་བྱས་ཤིང་། ཚང་མས་ཆུ་ཚོད50རིང་ལ་འབད་འབུངས་བྱས་པར་བརྟེན། ད་ཆར་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁར་ཚོད་འཛིན་ནུས་ལྡན་ཐེབས་ཡོད་པ་རེད།

དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁར་ཚོད་འཛིན་ནུས་ལྡན་ཐེབས།

    བརྡ་ཁྱབ་བྱས་པ་ལྟར། ཚེས14ཉིན་གྱི་དགོང་མོའི་ཆུ་ཚོད་དྲུག་པར་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་ལ་གཞིགས་ན། ཆུ་བསྐྱིལ་མཚེའུའི་སྟོད་རྒྱུད་སྤྱི་ལེ90ཡོད་ས་སྟེ་སྐམ་ཐོག་ས་ཚུགས་ཀྱི་ཚུ་ཚད3573.29ཡིན་ཞིང་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་གྲུ་བཞི1290ཡིན་པ་རེད། ཆུ་བསྐྱིལ་མཚེའུའི་སྟོད་རྒྱུད་སྤྱི་ལེ3ཡོད་སའི་ཆུ་ཚད2896.64ཡིན་ཞིང་ཆུ་ཚོད་ལྔ་པར་འཇལ་བའི་ཆུ་ཚད་ལས་སྨི0.03མར་ཆག་ཡོད། སྨད་རྒྱུད་སྤྱི་ལེ170ཡོད་ས་སྟེ་འབའ་ཐང་ས་ཚུགས་ཀྱི་ཆུ་ཚད་ནི2480.78ཡིན་ཞིང་། བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་གྲུ་བཞི1890ཡིན་པ་རེད།

     དེ་མིན་གསར་འགོད་པས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། འབྲི་ཆུའི་གཡས་ངོགས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རི་ཉིལ་མཚམས་སུ་གས་བསྲུབས་བྱུང་ཞིང་རི་ཡང་བསྐྱར་ཉིལ་བའི་ཉེན་ཁ་ཡོད་ཀྱང་། ཆེད་རམས་པས་གལ་སྲིད་རི་ཉིལ་བའི་དབང་དུ་བཏང་ན་ཡང་། གས་བསྲུབས་ས་ཁྱོན་ཆེན་པོ་གཅིག་ཏུ་སྦྲེལ་མེད་པས་ས་རྡོ་ཞིབ་མོ་ཤིག་པ་ཙམ་ལས་མི་དང་རྒྱུ་ནོར་ལ་གནོད་འཇིགས་མེད་ཅིང་ཆུ་བསྐྱིལ་མཚེའུའི་ཉེན་ཁ་ཇེ་ཆེར་འགྲོ་མི་སྲིད་ཅེས་ངོ་སྤྲོད་བྱས་པ་རེད།

དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁར་ཚོད་འཛིན་ནུས་ལྡན་ཐེབས།

    དེ་མིན་ཆུ་བསྐྱིལ་མཚེའུའི་ཆུ་ཁ་ལུད་ནས་ཆུ་ཤག་ཆེས་བ་བརྟན་པོའི་ངང་རང་ཁུལ་གྱི་སྨད་རྒྱུད་ས་ཁོངས་སུ་བརྒྱུད་ཅིང་རྒྱུད་ངོགས་ཀྱི་ས་བབ་དམའ་ཤོས་དང་གཞུང་ལམ་ཁ་ཤས་ཆུས་བཀབ་པ་ལས་གནོད་སྐྱོན་ཆེན་པོ་ཐེབས་མེད་པ་རེད། དཀར་མཛེས་ཁུལ་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་དང་འབའ་ཐང་གཞུང་ལམ་ཡན་ལག་ཅུས། རྒྱལ་ཁབ་གློག་དྲྭའི་ལས་སྒྲུབ་མི་སྣ་སོགས་ཀྱིས་འབའ་ཐང་འབྲི་ཆུའི་རྒྱུད་ངོགས་ཀྱི་རྒྱལ་སྲུང་གཞུང་ལམ318པའི་འགྲོ་ལམ་བསལ་བཞིན་ཡོད་པ་དང་། འབའ་ཐང་རྫོང་རྒྱལ་ས་ཐོན་ཁུངས་ཅུས་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲི་ཆུའི་རྒྱུད་ངོགས་སུ་མི་མངོན་པའི་ས་གཤིས་གནོད་འཚེ་གཙང་བཤེར་བྱེད་བཞིན་ཡོད་པ་རེད།

    ཁུལ་དམངས་སྲིད་ཅུས་ཀྱིས་གནོད་སྐྱོབ་དངོས་རྫས་ཏེ་གུར30དང་སྲིང་བལ་ཉལ་ཐུལ1500ཡང་འབའ་ཐང་དུ་འབྱོར་ཟིན་པ་རེད།

    དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་བཅས་ཀྱི་གནོད་གཡོལ་མང་ཚོགས་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ཐོབ་ཡོད་པ་དང་མི་སེམས་བདེ་མོ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:༼སྔོན་མོ་སྤང་གི་མེ་ཏོག༽ཅེས་པའི་བརྩམས་པོད་ཅིག་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་སྒེར་གཉེར་དུད་ཚང་ཚུལ་སྒྱུར་རིམ་སྤར་བྱས་པའི་གྲུབ་འབྲས་མངོན་གསལ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།