རང་ཁུལ་གྱི་གནོད་ཉེན་ཐེབས་པའི་རྫོང་ཁག་གིས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།

སྐལ་ཐུབ་དང་དབྱངས་ཅན་གྱིས་བསྒྱུར།        2018-10-12

   བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དཔལ་དགེ་གྲོང་དུ་རི་ཉིལ་ནས་འབྲི་ཆུ་བཅད་དེ་ཆུ་བསྐྱིལ་མཚེའུ་ཆགས་པའི་ས་གཤིས་གནོད་འཚེ་བྱུང་རྗེས།འབྲི་ཆུ་སྨད་རྒྱུད་ཆགས་པའི་རང་ཁུལ་གྱི་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་།སྡེ་རོང་རྫོང་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་བཟོ་གྲབས་ཡོད་པ་དང་ཆུ་གློག་ས་ཚུགས་དུ་མར་གནོད་པ་བཟོ་ཉེན་ཡོད་པ་རེད།དེ་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་འོགཉེན་ཡོད་རྫོང་ཁག་གིས་གནོད་ཡོལ་ལས་ཀ་ཧུར་ཐག་སྤེལ་བ་དང་།ད་སྔའི་བར་མི་ཤི་རྨས་བྱུང་བའི་གནས་ཚུལ་བྱུང་མེད།

རང་ཁུལ་གྱི་གནོད་ཉེན་ཐེབས་པའི་རྫོང་ཁག་གིས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།

   ས་གཤིས་གནོད་འཚེ་བྱུང་རྗེས།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་དཔལ་ཡུལ་རྫོང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ།རྫོང་སྲིད་གཞུང་གི་རྫོང་དཔོན་ཨ་གཡང་དོན་འགྲུབ་བཅས་ཀྱིས་དེ་མ་ཐག་འབྲེལ་ཡོད་མི་སྣ་དང་སྡེ་ཚན་བསྡུས་ནས་ལས་ཀ་བཀོད་སྒྲིག་བྱས་ཤིང་།རྫོང་གི་འགོ་ཁྲིད་གཙོ་བོས་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་བྱས་ཏེ་ཡུལ་དངོས་སུ་ཕྱིན་ནས་གནོད་འཇིགས་ཐེབས་ཉེན་ཡོད་པའི་མི་སྣའི་གནས་སྤོ་ལས་ཀ་བསྒྲུབས་པ་རེད།ཁུལ་ཨུའི་གཞུང་ལས་ཁང་ལ་གནས་ཚུལ་ཞུས་ནས་འབྲི་ཆུའི་འབབ་རྒྱུད་དུ་ཡོད་པའི་འབའ་ཐང་དང་སྡེ་རོང་བཅས་ལ་མང་ཚོགས་གནས་སྤོ་བྱ་རྒྱུ་སོགས་ཀྱི་བབ་བསྟུན་མྱུར་སེལ་ལས་ཀ་བསྒྲུབ་དགོས་པ་བརྡ་བཏང་བ་རེད།བོད་ལྗོངས་འཇོ་མདའ་རྫོང་དང་འབྲེལ་མཐུད་བྱས་ཏེ་ཆུ་ལམ་གཤོང་བ་ལས་ཀ་སྤེལ་རོགས་བྱས་པ་རེད། ད་ཆ་དཔལ་ཡུལ་རྫོང་གིས་ཡུལ་དངོས་བབ་བསྟུན་མྱུར་སེལ་བཀོད་འདོམས་པུའུ་བཙུགས་ཤིང་།འོག་ལ་ཡུལ་དངོས་གནོད་སེལ་དང་ནུས་ཤུགས་འགན་སྲུང་། རྒྱབ་ཕྱོགས་མཁོ་སྒྲུབ། ལག་རྩལ་ཁྲིད་སྟོན།འབར་གཏོར་དང་འཕྲིན་གཏོང་འགན་སྲུང་།གླེང་ཕྱོགས་ཚོད་འཛིན་བཅས་ཀྱི་ཚོ་ཆུང་བཙུགས་པ་རེད།ཚེས11ཉིན་གྱི་ཉིན་གུང་བར་རྫོང་ཡོངས་ཀྱིས་འཕྲལ་སྐྱོབ་མི་སྣ1170དང་འཁོར་རིགས178  འཕྲུལ་ཆས་ཆེ་གྲས93བཅས་གྲ་སྒྲིག་བྱས་ཤིང་།རྒྱུད་ངོགས་ཀྱི་ཡུལ་ཚོ་དང་གྲོང་རྡལ5དང་གྲོང་སྡེ20ཡི་གནོད་ཡོད་མང་ཚོགས1628ཐམས་ཅད་ཉེན་མེད་ས་ཁུལ་དུ་སྤོས་ཟིན་པ་རེད།ས་ཁོངས་སུ་ཡོད་པའི་འཕྲིན་གཏོང་ས་ཚུགས8སྐྱོན་མེད་འཁོར་སྐྱོད་བྱེད་བཞིན་ཡོད་ལ།དཀར་མཛེས་ཁྱེར་འཕྲིན་དཔལ་ཡུལ་ཁྱེར་འཕྲིན་སྤྱི་གཉེར་ཁང་གི་བབ་བསྟུན་འཕྲལ་སྐྱོབ་ཀྱི་ཚན་པ་དང་པོའི་རུ་ཁག་ཀྱང་ཡུལ་དངོས་སུ་དྲ་བ་ཉམས་གསོ་དང་འགལ་རྐྱེན་སེལ་བའི་ལས་ཀ་སྤེལ་སྒང་ཡིན་པ་རེད།

རང་ཁུལ་གྱི་གནོད་ཉེན་ཐེབས་པའི་རྫོང་ཁག་གིས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།

   འབའ་ཐང་རྫོང་གིས་མགྱོགས་མྱུར་དུ་བབ་བསྟུན་ཉེན་ཟོན་གྱི་བཀོད་འདོམས་པུའུ་བཙུགས་ནས།《བབ་བསྟུན་དངོས་རྫས་ཀྱི་གྲབས་གཤོམ་ཇུས་གཞི》ལས་འགོ་བཙུགས་པ་དང་། རྫོང་ཁོངས་གཏོགས་ཀྱི་འཚོ་བའི་དངོས་རྫས་དང་རོགས་སྐྱོར་དངོས་རྫས་ལ་གཅིག་གྱུར་གྱིས་བཀོད་གཏོང་བྱས་ཤིང་།གུར200དང་འབྲེལ་ཡོད་སྨན་བཅོས་བྱེད་ཆས་བཀོད་སྒྲིག་བྱས་པ་དང་། རྫོང་ཁོངས་གཏོགས་ཀྱི་སྣུམ་སྣོན་ས་ཚུགས5ལ་བབ་བསྟུན་དོ་དམ་ཚོད་འཛིན་བྱ་རྒྱུ་དང་།དུས་ཚོད་དང་པོར་དགོས་ངེས་ཀྱི་རོགས་སྐྱོར་དངོས་རྫས་ཁག་ཐེག་བྱས། རྫོང་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་བབ་བསྟུན་རོགས་སྐྱོར་རླངས་འཁོར་ཡོངས་རྫོགས་བབ་བསྟུན་གྲབས་གཤོམ་ལས་ཀར་ཞུགས་པའི་གྲ་སྒྲིག་བྱས་ཤིང་།བདེ་འཇགས་དོ་དམ་ཚོད་འཛིན་བྱ་ཡུལ5ལ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱས་པ་རེད། སྲིད་ཁྲིམས་ནུས་པ་དང་མེ་གསོད་རུ་ཁགཡུལ་དམག་སོགས་བབ་བསྟུན་རོགས་སྐྱོར་མི་གྲངས280ཡིས་བཀའ་སྒུག་བཞིན་པ་དང་། ཡུལ་དངོས་བཀོད་འདོམས་ཚོ་ཆུང7གྱིས་ཡུལ་དངོས་སུ་མང་ཚོགས་གནས་སྤོའི་ལས་ཀ་སྒྲུབ་བཞིན་པའི་སྒང་ཡིན།འབྲི་ཆུ་འབབ་རྒྱུད་དུ་ཡོད་པའི་ཤང་དང་གྲོང་རྡལ7གྱི་གནོད་འཇིགས་ཐེབས་ཉེན་ཡོད་པའི་མང་ཚོགས་ཡོངས་རྫོགས་གནས་སྤོས་བྱས་ཚར་བ་རེད།

རང་ཁུལ་གྱི་གནོད་ཉེན་ཐེབས་པའི་རྫོང་ཁག་གིས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།

  སྡེ་རོང་རྫོང་གིས་དུས་ཚོད་དང་པོར་བབ་བསྟུན་གྲབས་གཤོམ་ཇུས་གཞི་སྤེལ་འགོ་བཙུགས་ནས།གནོད་འཇིགས་ཐེབས་ཉེན་གྱི་ཤང་དང་གྲོང་རྡལ5ཡི་འགོ་ཁྲིད་དང་ཉེན་སྐྱོན་འགོག་སེལ་ཅུས་དང་བདེ་འཇགས་ལྟ་སྐུལ་ཅུས་སོགས་རྫོང་རིམ་པའི་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ་སྒྲིག་འཛུགས་བྱས་ཏེ་བྲེལ་མྱུར་གྱིས་གྲོས་ཚོགས་འཚོགས་ཤིང་།རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚོ་ཆུང་གི་དཔོན་པོའི་འགན་བཞེས་པའི་བབ་བསྟུན་མྱུར་སེལ་གྱི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་།རྫོང་དཔོན་གཞོན་པ5ཡིས་ཁག་བགོས་ནས་འབྲི་ཆུ་འབབ་རྒྱུད་ཀྱི་ཤང་དང་གྲོང་རྡལ5ལ་དངོས་སྡོད་ཞིབ་འཇུག་བྱས་ཏེ་ཡུལ་དངོས་སུ་མང་ཚོགས་གནས་སྤོ་དང་ཉེན་ཁ་མྱུར་སེལ་གྱི་གྲ་སྒྲིག་ལས་ཀ་བསྒྲུབས་པ་རེད།ཤང་གྲོང་རྡལ་སོ་སོའི་སྲིད་གཞུང་དང་རྫོང་རིམ་པའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རམ་འདེགས་ཧུར་ཐག་དང་།གཅིག་གྱུར་མཉམ་འགུལ་བྱས་ཏེ་དངོས་ཟོག་གྲ་སྒྲིག་དང་ཉེན་ཁ་མྱུར་སེལ་གྱི་འཕྲུལ་ཆས་བཀོད་སྒྲིག་བྱེད་པ་སོགས་བབ་བསྟུན་མྱུར་སེལ་གྱི་གྲ་སྒྲིག་ལས་ཀ་ཏན་ཏིག་ཡག་པོ་བསྒྲུབས།མིག་སྔར། རྫོང་ཁོངས་གཏོགས་འབྲི་ཆུ་འབབ་རྒྱུད་ཀྱི་གནོད་འཇིགས་ཐེབས་ཉེན་ཡོད་པའི་ཤང་དང་གྲོང་རྡལ5ཡི་སྲིད་འཛིན་གྲོང་སྡེ16གི་དུད་ཚང835ཡི་མི་གྲངས4702ཡོངས་རྫོགས་གནས་སྤོས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:དམངས་སྲིད་ཐིང་གིས་གནོད་སྐྱོབ་དངོས་རྫས་མྱུར་འདྲེན་ལས་ཀ་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་སྔར་ལྷག་གིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་།
  • དོ་སྣང་ཆེ་བའི་རྩོམ།