དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུར་གྱུར།

སྐལ་ཐུབ་དང་མཁས་གྲུབ་ཀྱིས།        2018-10-11

    ཟླ་བ10པའི་ཚེས11ཉིན་གྱི་ཞོགས་པའི་ཆུ་ཚོད7དང་སྐར་མ10ཡི་ཐོག་བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་སྤོ་ལོ་ཤང་གི་མངའ་ཁོངས་སུ་རི་ཉིལ་ནས་འབྲི་ཆུའི་བཞུར་རྒྱུན་བཀག་སྟེ་ཆུ་བསྐྱིལ་མཚེའུར་གྱུར་པ་རེད།

རི་ཉིལ་ཚད་དང་གནོད་འཇིགས་ཐེབས་པའི་མི་གྲངས་བསྡོམས་རྩིས་ལས་ཀ་སྤེལ་སྒང་ཡིན་ལ། མིག་སྔར་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད།

    དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དུས་ཐོག་ཏུ་ལས་ཀ་བཀོད་སྒྲིག་བྱས་པ་དང་། དཔལ་ཡུལ་རྫོང་དུ་ལས་ཀ་སྒྲུབ་བཞིན་པའི་ཁུལ་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཡུལ་དངོས་སུ་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་ནས་དཔལ་ཡུལ་དང་འབའ་ཐང་། སྡེ་རོང་རྫོང་བཅས་གནོད་འཇིགས་ཐེབས་ཁུལ་གྱི་མང་ཚོགས་སྒྲིག་ལམ་ཡོད་པའི་སྒོ་ནས་གནོད་ཡོལ་བྱེད་དུ་བཅུག་པ་དང་། དཀར་མཛེས་རྫོང་དུ་བཅའ་སྡོད་བྱས་པའི་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་དམིགས་བསལ་ཉེན་རྟོག་པ་རྣམས་དེར་གནོད་ཡོལ་གྱི་ལས་འགན་སྒྲུབ་ཏུ་མངགས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དུ་བཅུག་པ་རེད། ཞིང་ཆེན་ཆུ་བེད་ཐིང་ལ་ཆེད་རམས་པ་ཡུལ་དངོས་སུ་མངགས་ཏེ་ལས་ཀར་མཛུབ་སྟོན་བྱ་རྒྱུར་རེ་ཞུ་བྱས་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སྤྱི་གཉེར་ཁང་གིས་འཕྲུལ་ཆས་ཆེ་གྲས་སྒྲིག་འཛུགས་བྱས་ནས་ཆུ་ལམ་གཤོང་བའི་ལས་ཀར་རོགས་འདེགས་བྱ་རྒྱུར་མཐུན་སྦྱོར་བྱས་པ་རེད།

    ལས་དོན་ཚོ་ཆུང་གི་ཚོ་དཔོན་དང་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་གི་སྤྱི་ཁྱབ་ཨར་ལས་པ་ལིའང་ཅུན་གྱིས་ངོ་སྤྲོད་བྱས་པར་ལྟར་ན། ད་ཆར་ཆུ་བསྐྱིལ་མཚེའུ་ཡི་རིང་ཚད་སྤྱི་ལེ་གཅིག་ཡས་མས་ཡིན་ཞིང་། མཚེའུ་ནང་གི་ཆུ་བསགས་ཚད་སྨི་གྲུ་བཞི་ལྷམ་མ་ཁྲི700ལས་བརྒལ་བ་དང་། ད་དུང་ཇེ་ཆེར་འགྲོ་བཞིན་ཡོད། དེ་མིན་སི་ཁྲོན་ཞིང་ཆེན་ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཆུ་བསྐྱིལ་མཚེའུ་མན་ཆད་ཀྱི་གྲོང་མི་དང་ཨར་ལས་སྡེ་ཚན་རྣམས་ཡུལ་གཞན་དུ་སྤོས་བའི་བླང་བྱ་བཏོན་པ་རེད།

  • ལེ་ཚན་སྔོན་མ།:མི་མེད་གནམ་གྲུས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྐོར་ཞིབ་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འབའ་ཐང་རྫོང་ནས་བོད་ལྗོངས་ས་ཁུལ་དུ་འགྲོ་འོང་བྱེད་པའི་རླངས་འཁོར་ཚང་མ་རྒྱལ་ལམ317བསྐོར་ནས་འགྲོ་དགོས་པའི་སྐ
  • དོ་སྣང་ཆེ་བའི་རྩོམ།