སང་ཉིན་གྱི་ཁེར་རྐྱང་ལ་བྲིས་པ།

ཁྱུང་གཤོག        2018-10-10

སང་ཉིན་ང་རང་འགྲོ་དགོས་པར་བསམ་ན།

བརྩེ་བའི་ས་གཞིའི་སྟེང་བཞད་པའི་མེ་ཏོག་དེ་བསྐྱུར་མི་ནུས།

དོ་ནུབ་ཀྱི་མཇལ་འཛོམས་ཁོ་ན་བྲང་ཁར་སྦྱར་རུང་།

སྐྱ་རེངས་ཀྱི་རྒྱབ་ལྗོངས་ལས་ཁྱེད་རང་མཐོང་ཐབས་བྲལ།


སྟོན་མགོ་བཀུག་མ་ཐག་པའི་དུས་ཚིགས་འདི་ལ།

ང་རང་ཁེར་རྐྱང་ངང་འགྲོ་དགོས་པས།

སྙེ་རླབས་ལྡེམ་པའི་ཕ་ཡུལ་གྱི་ཞིང་གྲོང་ལས།

ཁྱེད་ཀྱི་མེ་ཏོག་ཁྲོད་ཀྱི་མཛའ་གཞས་དེ་བརྗེད་ནུས་སམ།

  མཛའ་གཞས་ཁྲོད་ཀྱི་བརྩེ་འཛུམ་དེ་འཁྱེར་དགོས་བྱུང་།

  ད་ནི་ཁ་བ་ཁོ་ནར་དུས་ཆད་གདབ་དགོས།

  མཛའ་གཞས་དང་འཛུམ་ཆུང་གིས་ང་ལ་ཕྱིར་དྲན་བྱེད་དུ་འཇུག་སྲིད།

  ང་ནི་རྒྱང་རིང་རྒྱང་རིང་དུ་ཆས་སྲིད་ཀྱང་།

  སུན་སྣང་མེད་པའི་དུས་ཚིགས་ཀྱི་གོམས་འགྲོས་ཁྲོད།

  ཡང་བསྐྱར་ཁྱེད་ཀྱི་རུམ་ཁར་འབྱོར་ཡོང་།


  ཞོགས་པ་འདིའི་གྱེས་བྲལ་གྱི་གོམས་སྟབས་ལས།

  ཞོགས་པ་གཞན་ཞིག་གི་ཁེར་རྐྱང་བསུ་རན་སོང་།


  • ལེ་ཚན་སྔོན་མ།:གྲོགས་སྤྲིན་ནག་ལ་སྤྲིངས་བའི་ལྷ་བྱ།
  • ལེ་ཚན་རྗེས་མ།:སེམས་ཀྱི་དྲན་སྐུལ།