སློབ་ཆུང་གི་སྐད་ཡིག་དགེ་རྒན་རྣམས་ལ་སྐད་ཅིག་སྐུར།

ཁ་བ་སྙན་གྲགས།        2018-10-10

    མ་རིག་མུན་པའི་རྨོངས་པ་སེལ་མཁན་དང་མི་རིགས་བཟོ་སྐྲུན་པ་ཞེས་མིང་རྫིག་པོ་ཤ་སྟག་བཏགས་མོད། འོན་ཏང་། མུན་པ་སེལ་མཁན་དང་བཟོ་སྐྲུན་པ་ཞིག་ཡིན་ཕྱིར། མུན་པ་བསལ་བྱ་གང་ཡིན་པ་དང་། བཟོ་རྒྱུའི་ཅ་ལག་གམ་བསྐྲུན་རྒྱུའི་དངོས་པོ་ཅི་ཞིག་ཡིན་པ་གསལ་པོ་ཤེས་དགོས་ཤིང་། དྭངས་གཙང་བྱིས་བློའི་རྒྱུད་ལ་བག་ཆགས་བཟང་པོ་དང་། རང་ཡིག་རང་སྐད་ལ་ཆ་རྒྱུས་ཡོད་པ། ཐ་སྙད་ལ་ངེས་ཤེས་ལྡན་པ། གཤིས་སྤྱོད་དྲང་མོ། ལན་འདེབས་ཀྱི་སྤོབས་པ་ལྡན་པ། རང་རྟོགས་ཀྱིས་བྱ་འགུལ་ཁག་ལ་ཞུགས་པའི་མོས་པ་བཅས་ནི་སྔོན་འགྲོའི་སློབ་གསོ་འམ་སློབ་སྔོན་ཆ་རྐྱེན་དེ་ཡིན་འོས།

    དེང་གི་དགེ་རྒན་གྱི་དཔུང་སྡེ་ཞན་པའམ་སློབ་གསོའི་ཆ་རྐྱེན་མི་བཟང་བ། ཡང་ན་སློབ་མའི་བྱང་ཚད་ཇེ་སྡུག་དུ་ཕྱིན་པ། གང་ཡིན་མི་ཤེས་པའི་གནད་དོན་ཅི་རིགས་ཤིག་འབྱུང་བཞིན་འདུག སློབ་ཆུང་དུ་ལོ་ངོ་དྲུག་གི་རིང་དུ་སློབ་སྦྱོང་བྱས་ནས་དམའ་འབྲིང་གི་སྒོ་ཐེམ་སྤོ་དགོས་པ་ནི་འོས་འགན་སློབ་གསོས་བཏོན་པའི་ཆ་རྐྱེན་ཞིག་རེད། ཡིན་ན་ཡང་། སློབ་ཆུང་ལས་མཐར་ཕྱིན་ཞིང་དམའ་འབྲིང་གི་སྒོ་ཐེམ་སྤོ་བའི་སློབ་མ་མང་ཆེ་བས་བོད་སྐད་གཙང་མ་མི་གོ་ལ། དེ་བཞིན་བོད་ཡིག་གཙང་མ་ཞིག་ཀྱང་འབྲི་མི་ཐུབ་པའི་གནད་དོན་གང་མང་ཞིག་འདུག འདི་དག་གི་འབྱུང་ཁུངས་ལྟ་བུའི་རྒྱུ་རྐྱེན་ཉག་ཅིག་ཡོད་པ་ནི་སློབ་གྲྭ་སོ་སོའི་སློབ་གཙོ་དང་བོད་ཡིག་དགེ་རྒན་རྣམས་ལ་ཐུག་ཡོད། གང་ཡིན་ཞེ་ན། སློབ་གཙོ་ནི་སློབ་གྲྭའི་སྲོག་ཤིང་དང་གདུང་འདེགས་ཀྱི་ཀ་བ་རེད། བོད་ཡིག་དགེ་རྒན་ནི་བོད་རིགས་སློབ་མ་ཚོས་ཆེས་མཐོང་ན་འདོད་པའི་དགེ་རྒན་དང་པོ་དེ་རེད། འོན་ཏང་། དེང་གི་བོད་ཡིག་དགེ་རྒན་ཚོས་སློབ་མའི་གནས་ཚུལ་དང་སློབ་མའི་འབྲི་ཀློག་གི་དཀའ་ངལ་ལ་མ་བལྟས་པ་ཁྲིད་རྐྱང་བྱས་པའི་དབང་གིས་སློབ་མའི་རྒྱུད་ལ་རིག་གནས་ཡག་པོ་མི་འབྱོར་ཞིང་། ཐ་ན་རྒྱུན་སྤྱོད་ཀྱི་ཐ་སྙད་རྐུབ་སྟེགས་དང་། སློབ་གྲྭ། སློབ་ཁང་། དགེ་རྒན། སློབ་ཆུང་། ཇ་ཁང་། མཐར་ཕྱིན། དམའ་འབྲིང་ལྟ་བུའི་ཐ་སྙད་དག་ཀྱང་འབྲི་ལ་མི་བྱང་ཞིང་ཐ་ན་བོད་ཀྱི་ཐ་སྙད་དུ་མེད་པའི་མིང་ཚིག་རྒན་དགེ་ལྟ་བུ་གང་མང་ཞིག་ཀྱང་འབྲི་བཞིན་པའི་གནས་ཚུལ་དང་གནད་དོན་འདུག འདི་དག་ནི་གཅིག་ན་སློབ་གྲྭའི་ཁོར་ཡུག་དང་། དགེ་རྒན་གྱི་དཔུང་སྡེའི་ཁྲོད་ནས་སྐད་དང་པོའི་སློབ་གསོས་མ་འཇོན་པ་རང་རེད། དེ་མིན་རྒྱུན་སྤྱོད་ཀྱི་འཚོ་བའི་ཁྲོད་ནས་སྐད་དང་པོའམ་ཕ་སྐད་གཙང་མ་མང་ཙམ་བཤད་ན་སློབ་མའི་རྒྱུད་ལ་བོད་ཀྱི་ཐ་སྙད་མང་པོ་གསོག་ཆོག་ལ། དཔེར་ན། ཇ་ཁང་དུ་ཟ་མ་ཟ་སྐབས། སློབ་གྲྭའི་ཚོགས་འདུ་ཆེ་མ་ཆུང་གསུམ་སྐབས། བོད་ཡིག་སློབ་ཁྲིད་སྐབས། དགེ་སློབ་བར་གྱི་ཁ་བརྡའི་ཁྲོད་སོགས་ནས་བོད་སྐད་གཙང་མའི་ལབ་གླེང་བྱེད་ན་བོད་ཀྱི་ཐ་སྙད་མང་པོ་ཞིག་སློབ་མའི་རྒྱུད་ལ་གསོག་འགྲོ་བས་ཡིག་ནོར་དང་བོད་ཡིག་འབྲི་ཀློག་སོགས་ལ་ཡང་ཕན་ཐོགས་ངེས་ཅན་ཞིག་ལྡན་ངེས་ཡིན།

    ཉེ་བའི་ལོ་ངོ་དུ་མའི་རིང་དགེ་རྒན་དང་སློབ་མའི་སྤུས་ཚད་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་དང་མིག་མཐོང་རྣ་ཐོས་རང་རེད། དགེ་རྒན་གྱི་དཔུང་སྡེ་ཇི་ཙམ་ཞན་ན་སློབ་གྲྭའི་ཁོར་ཡུག་དང་སློབ་གྲྭའི་སྤྱོད་པ་ཡང་དེ་བཞིན་ཇེ་སྡུག་ཕྱིན་པ་ཆོས་ཉིད་རེད། དེ་བཞིན་དགེ་རྒན་གྱི་དཔུང་སྡེ་ཞན་པ་ནི་སློབ་མའི་སྤུས་ཚད་སྨོས་མ་དགོས་རེད། སློབ་ཆུང་ནི་སློབ་མ་ཕལ་ཆེར་བའི་ཀ་ཁའི་གདངས་དབྱངས་ཐོག་མ་གྱེར་ས་དེ་ཡིན་པས་སློབ་ཆུང་གི་དགེ་རྒན་ནི་ཡིག་རྨོངས་ལས་ཐོག་མ་གྲོལ་མཁན་དེ་ཡིན་འོས། དེར་བརྟེན་སློབ་ཆུང་གི་དགེ་རྒན་ཚོས་སློབ་མའི་རྒྱུད་ལ་རྨང་རྡོ་ཡག་པོ་མ་བརྩིགས་ན་དམའ་འབྲིང་སུ་སླེབས་སྐབས་རྨང་རྡོ་ཞིག་པའི་ཉེན་ཁ་དང་འཕྲད་སྲིད་པས་དགེ་རྒན་ཚོས་སྒྲིག་ལམ་དང་ཁྲིད་རྐྱང་བྱེད་པ་ལས་དོན་དངོས་ཐོག་སློབ་མ་ལ་ཆ་རྒྱུས་ལོན་རྒྱུ་དང་སློབ་མས་དགེ་རྒན་ལ་ཆ་རྒྱུས་ལོན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།

    མདོར་ན། སློབ་གསོ་བ་གཅན་རོང་བསྟན་འཛིན་མཆོག་གིས་གསུངས་པ་ལྟར། ཟུང་བཀུར་ཟུང་གཅེས་བྱ་རྒྱུ་ནི་ཆེས་ལེགས་པའི་ཐབས་ལམ་ཞིག དགེ་སློབ་གཉིས་ཀྱི་སློབ་ཁྲིད་བརྗེ་རེས་དང་མི་དང་སྤྱི་ཚོགས་ཀྱི་འབྲེལ་བའི་ཁྲོད་ནས་རང་རང་གི་འོས་འགན་དང་དབང་ཆའི་རྨང་གཞིའི་སྟེང་ནས་ལག་བསྟར་བྱེད་དགོས་ལ། དེ་ནི་དགེ་སློབ་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། ཀུན་ལ་ཕན་པའི་བསམ་བློ་ཕུན་སུམ་ཚོགས་པ་ཞིག་ཡིན་པས་སློབ་གསོའི་ལག་ལེན་ལས་བྱུང་བའི་བསམ་བློ་དང་ཐབས་ལམ་དག་ལ་བརྟེན་སློབ་ཁྲིད་དང་སློབ་མ་གསོ་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་འདུག དེང་གི་སློབ་མའི་རྨང་གཞི་དང་མི་སྤུས་སོགས་ཀྱི་འགྱུར་ཚད་ཧ་ཅང་མྱུར་བས་འཇིགས་ཤིང་གནས་དགོས་པའི་ཚད་དུ་འདུག་སྙམ་པའི་སེམས་ཚོར་དང་བཅས་ཕུལ།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་འགྲུལ་བཞུད་ཐེངས་ཤིག
  • ལེ་ཚན་རྗེས་མ།:བཅོས་བསྒྱུར་སྒོ་འབྱེད་དཔྱིད་རླུང་འཇམ་པོ་ལྡང་།