ཕ་ཡུལ་གྱི་འགྲུལ་བཞུད་ཐེངས་ཤིག

ཞོ་ར་བསམ་འགྲུབ་རྒྱལ།        2018-10-10

    ཡང་གཅིག་བཤད་ན།ཕ་ཡུལ་ནི་ཁོ་བོའི་སེམས་ཀྱི་དག་ཞིང་ན་ཉི་ཟླའི་བགྲོད་པ་མ་ཉམས་བར་དུ་མི་འགྱུར་སྤོབས་པས་འགྱིང་བའི་རྡོ་རིང་དེ་ཡིན་པས།ང་ནམ་ཡང་ཁྱེད་ལ་དགའ་འོ།།


    ད་ནི་སློབ་གྲྭས་གཞི་ནས་གུང་གསེང་བཏང་བར།ཚང་མ་གྲོང་མཁར་རྨང་ནས་དཀྲུགས་པ་ལྟར་འདུ་འགོད་ཀྱི་ཡོ་ལང་མངོན་པར་ཕྱོགས་ཤིང་།བལྟས་པ་ཉིད་ལ་འཇིག་རྟེན་གྱི་དོན་བྱ་རིན་ཐང་ཅན་ཅི་ཞིག་གིས་ཡང་སྙིང་ཁོ་ཚོ་རླུང་གིས་བསྒུལ་ཏེ་མི་ཁོམ་པའི་གནས་སུ་མ་གྲོས་ཕྱོགས་གཅིག་ཏུ་འདེད་པ་རེད་ཨང་སྙམ་བྱུང་།

    ནམ་རྒྱུན་ཕ་ཡུལ་དྲན་པའི་གདུང་བའི་ཁུར་ལྕི་མོས་ཡང་ནས་ཡང་དུ་གཟིར་རྐྱེན།ད་ནི་ཁོ་བོ་གཞུ་མཆོག་ལས་ཤོར་བའི་ཉག་ཕྲན་ཞིག་ལྟར་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་ནས་ཕ་ཡུལ་གྱི་ཕང་བར་སྙེག་པའི་སྟ་གོན་དུ་ཞུགས།


    ཕ་ཡུལ་གྱི་ངོ་གདོང་དང་མ་མཇལ་བར་ཡུན་རིང་འགོར་བས།ཕྱོགས་བཞིར་བྲག་རི་དང་ནགས་ཀྱིས་བསྐོར་ཞིང་།ཞོགས་པའི་བ་གླང་དང་བྱ་བྱེའུའི་སྐད་སྙན་ཀྱ་ཀྱུར་བར་མེད་སྒྲོག་སའི་གནའ་བོའི་གྲོང་ཚོ་ཆུང་ཆུང་དེ་ཡང་སྙིང་ཇི་འདྲ་ཞིག་ཏུ་གྱུར་ཡོད་ཨང་།

    ཐ་མག་རྐང་གཅིག་མེ་ལ་བསྒྲོན་རྗེས།ངས་དེ་ལྟར་བསམ་བློ་ཡང་ཡང་གཏོང་དགོས་བྱུང་།


    ལམ་གྱི་ལྷུན་ཆགས་དཔལ་དུ་བྱོན་པའི་མཛེས་པ་དང་མི་སེམས་གཡོ་བའི་གཏམ་རྒྱུད་རེ་རེའི་ལོངས་སྤྱོད།ད་དུང་སྐད་ཅིག་ཉིད་ལ་སྡོད་པ་མེད་པའི་རླངས་འཁོར་གྱི་འགྲོས་དང་བསྡོངས་ནས་ད་ནི་ཕ་ཡུལ་གྱི་ཕང་བར་གཞི་ནས་འབྱོར་སོང་།ལྗིད་ཏིག་ཏིག་ཡོད་པའི་གོམ་པའི་འདེགས་འཇོག་ལས་སར་འབབ་དུས།ཏག་ཏག་ཕ་ཡུལ་གྱི་ཕང་བར་ཆར་རྒྱུན་ཟམ་ཟིམ་དུ་འབབ་ཀྱིན་ཡོད་ལ།གང་ནས་ལྷུང་འོང་བའི་ཆར་ཐིགས་རེ་རེ་ཁོ་བོའི་ཕྲག་སྟེང་ལ་ཐོར་དུས།རང་ཉིད་ཀྱི་སེམས་སུ་ཡུན་རིང་མ་འཕྲད་པའི་ཕ་ཡུལ་གྱིས་བདག་ལ་སྙིང་ནས་བསུ་མའི་མིག་ཆུ་ཤམ་ཤམ་བྱེད་པ་དང་ཀུན་ནས་འདྲ་ཞིང་།སྤྱིར་བཏང་མིན་པའི་ཚོར་བ་འདིས་ཀྱང་བདག་ལ་དབུགས་དབྱུང་གི་གོ་སྐབས་ཤིག་ཉེ་བར་བསྩལ་བ་དང་དབྱེར་མ་མཆིས།ཨ་ཙི།ཞིབ་ཏུ་ལྟ་བའི་ཚེ་ན།ངའི་རྐང་འོག་ཐམས་ཅད་ལ་ཨར་འདམ་རྐྱང་རྐྱང་བཏིང་ཞིང་།ལམ་འགྲམ་གཡས་གཡོན་དུ་ལྕང་སྡོང་དང་མེ་ཏོག་སྣ་ཚོགས་ཕྲ་བཏབ་པ་བཞིན་དུ་ལོངས་སྤྱོད་ཀྱི་དཔྱིད་དུ་མངོན་འདུག ལྟོས་དང་།དུད་ཁྱིམ་རེ་རེའི་རྩིག་པའི་རྨང་ཡོད་ཚད་རྡོ་དང་སོ་ཕག་ཏུ་བསྒྱུར་བ་ཇི་འདྲའི་མཛེས་དཔྱོད་དང་སྲ་མཁྲེགས་ཀྱི་ཁྱད་ཆོས་ཀུན་ནས་མངའ་ཨང་།ངས་ནི་འདི་ལྟར་གོམ་འགྲོས་ཡང་མོ་དལ་བུར་སྤོ་བཞིན་འགྲོ་དུས།གློ་རྡེག་ཏུ།མིག་མདུན་དུ་མངོན་པའི་ཡོད་ཚད་ཀྱིས་བདག་ལ་རྒྱུས་མེད་ཀྱི་གྲོང་ཞིག་ཏུ་འབྱོར་བའི་མིག་ཟུང་ཀེམ་ཀེམ་གྱིས་ང་ལ་ལྟ་གིན་པའི་སེམས་ཚོར་གྱིས་རབ་ཏུ་མནན།ལམ་དུ།ད་དུང་གསར་དུ་བསྐྲུན་པའི་རིག་གནས་ཐང་ཆེན་དང་དེའི་སྟེང་གི་གྲལ་འགྲིག་པོར་འཁོད་པའི་མཐུན་པ་སྤུན་བཞིའི་འབག་སྐུ། བོད་ལུགས་ཀྱི་བྲོ་བ་མ་ཉམས་པའི་སྟར་བ་སྟར་བར་འཁོད་པའི་ཁང་མིག མ་ཟད་ལུས་རྩལ་ར་བ་དང་བྱིས་གཉོར་ཁང་།སྤྱོད་ཁང་བཅས་ཀྱི་མཐུན་རྐྱེན་དང་རྨད་བྱུང་བཀོད་པས་ཡིད་ཀྱི་དབང་བོ་རྨང་ནས་འཕྲོག་པས།ངས་ནི་ཕ་ཡུལ་གྱི་གནམ་ས་མགོ་རྟིང་སློག་པའི་འགྱུར་ལྡོག་རེ་རེ་མཐོང་ཆོས་སུ་མངོན་དུས་དགའ་སྐྱོའི་སེམས་བྱུང་སྣ་ཚོགས་འགོག་མེད་དུ་སྐྱེས་ཤིང་།ད་དུང་།ཕ་ཡུལ་གྱི་ཕྱིའི་སྣོད་ཀྱི་བཀོད་པ་ནས་ནང་སེམས་ཀྱི་ལྟ་བ་དང་འདུ་ཤེས་མཐའ་དག་གྲ་རྒྱས་སྙིང་དོན་ཅན་དུ་ཆགས་དགོས་ཚེ།ཚང་མས་རྡོག་རྩའི་དམིགས་པ་གཅིག་ཏུ་གཏད་ནས་མི་ཚེ་གཅིག་གི་དུས་ཚོད་ཡོད་ཅོག་སྙིང་བོ་ཅན་དུ་དཀྲི་བའི་ལས་སུ་རྒྱུན་ཆགས་ཀྱིས་གཞོལ་ན།ག་དུས་ཤིག་ཏུ་གཞན་དྲིང་མི་འཇོག་པའི་ཡར་རྒྱས་ཀྱི་གོ་སྐབས་དང་དུས་ཚོད་ཀྱིས་ང་ཚོ་ལ་ནམ་ཡང་སྒུག་ཡོད་པ་ལྟ་བུའི་སྣང་བ་འཆར་ཅན་དུ་སྐྱེས།

ང་།

    ངས་དེ་ལྟར་སྙམ་པའི་མོད་ལ།གློ་རྡེག་ཏུ་ཁ་པར་ལས་དྲིལ་བརྡ་བར་མེད་དུ་གྲགས་བྱུང་།ཁ་པར་འཆར་ངོས་སུ་ཞིབ་ཏུ་ལྟ་དུས་ཨ་མ་ལགས་རེད་འདུག

    "གཅེས་ཕྲུག ཁྱོད་ད་ཆར་གང་ན་ཡོང་བཞིན་ཡོད"ཅེས་དྲིས་བྱུང་།

    "ཨ་མ། ང་ཏག་ཏག་སྔ་མོར་ནས་བསླེབས་ཚར་བ་ཡིན།"ཞེས་ལན་བཏབ་པར། "ཡུལ་དུ་ལོག་ཚར་ན་ཁ་པར་ཡང་མི་གཏོང་བར་ཅི་བྱེད།གླེན་ཕྲུག་ཁྱོད། ད་ང་ཚོ་མྱུར་བར་བསུ་རུ་ཡོང་།"ཞེས་རྟབ་རྟབ་པོར་སྨྲས་མ་ཐག་ཁ་པར་གྱི་སྒོ་ཏན་སེར་གཏན་བྱུང་།བརྣངས་ཤིང་གཅོམ་ཆུང་བའི་མགྲིན་པའི་སྐད་གདངས་ཀྱི་འགྱུར་བ་རེ་རེ་རྣ་རྩར་རྒྱུ་འོང་དུས།ངས་ནི་རི་དང་ཆུ་བོ་སྟོང་གིས་ཆོད་པའི་རི་བོའི་ཕ་རོལ་ཞིག་ན་ངའི་ཆེད་དང་ངའི་དོན་དང་ངའི་ཕྱིར་དུ་རེ་སྒུག་དང་སྨོན་ལམ་བྱེ་བའི་སེམས་འདུན་གསོལ་བའི་ཚེ་རབས་འདིའི་གོང་ན་མ་མཆི་བའི་ཨ་མ་ཟེར་བ་ཞིག་གིས་ང་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་རྒྱང་མིག་གིས་འཚོས་ཡོད་པ་མངོན་སུམ་དམར་རྗེན་དུ་ར་སྤྲོད་མཛད་བྱུང་།

ཅ།

    དྲང་མོར་བཤད་ན།སྔོན་ཆད་ངའི་བསམ་པར་མ་འོངས་དུས་ཤིག་ཏུ་ང་ཚོའི་ཕ་ཡུལ་གྱི་ངོ་གདོང་ལ་འདི་འདྲའི་འགྱུར་བ་མང་པོ་ཞིག་ཐེབས་ངེས་པའི་སྟོང་བསམ་ཀླད་པའི་དགུང་ལའང་ཡེ་ནས་འཁོར་མ་མྱོང་།བསམ་ཡུལ་ལས་འདས་པ་ཞིག་ལ་་་

ཆ།

    རང་ཁྱིམ་དང་ཁད་མི་རིང་བའི་གནས་ཤིག་ཏུ་ལོག་དུས།ཁྱིམ་མི་གོ་ར་གང་བོས་བྱེས་མགྲོན་རྩ་ཆེན་ཞིག་བསུ་བར་ངང་སྒུག་བྱེད་པའི་གོ་རིམ་དང་འདྲ་བར་ངའི་ཕྱོགས་སུ་ཕུར་ཚུགས་སུ་བལྟས་འདུག ང་ཚོས་ཕན་ཚུན་མཐོང་མ་ཐག་དྲན་གདུང་དང་སྤྲོ་དགའི་ཞགས་པ་རིང་མོས་ཕན་ཚུན་ཉེ་བར་དམ་དུ་འཁྱུད་ཅིང་།ཡུན་རིང་དྲན་པའི་སྐྱོ་གདུང་དང་མིག་གོང་ནས་ཤ་ར་རར་འདྲིལ་འོང་བའི་མིག་ཆུའི་ཁྲོད་ཕན་ཚུན་ལ་སྙིང་གཏམ་མང་དུ་བརྗོད་ཅིང་།ད་ནི་ཨ་མའི་བྱམས་བརྩེའི་དྲོད་ཁོལ་དང་ཕ་ཡུལ་གྱི་གདོང་ཞལ་སོགས་ལ་ཡུན་རིང་མ་མཇལ་བར་ལོ་ཟླ་ག་དུས་འགོར་བའང་ཡེ་ནས་མ་ཤེས་པར་ལུས།སྐབས་འདིར།ངས་ཨ་མས་ང་ལ་བཤད་མྱོང་བའི་སྔོན་དུས་ཀྱི་གཏམ་རྒྱུད་མོད་པོ་ཞིག་དྲན་པའི་རྩེ་རུ་ཁ་བ་དཀར་པོ་ལྟར་ལྷབ་ལྷུབ་ཀྱིས་སྐྱོད་ཅིང་།སྒོས་སུ་བདག་ལ་དམིགས་བསལ་དང་བག་ཆགས་ཀྱི་ཁ་དོག་བསལ་ཏུ་མེད་པའི་སྐད་ཆ་ཅི་རིགས་བསྩལ་མྱོང་བ་འདི་ལྟ་སྟེ།"སྔོན་དུས་ཡིན་ན་འུ་ཚོའི་ཕ་ཡུལ་གྱི་འགྲིམ་འགྲུལ་ཧ་ཅང་རྗེས་ལུས་ཡིན་པས།རྫོང་ཐོག་ཏུ་དངོས་པོ་སོགས་མཁོ་ཆས་ཅི་རིགས་ཉོ་སྒྲུབ་བྱེད་ན་རྐང་ཐང་ཁོ་ནར་བསྐྱོད་དེ་རྒྱབ་ཏུ་ཁུར་ནས་ཡོང་དགོས་ཤིང་།ཉིན་ཞིག ང་རང་རྫོང་ཐོག་ཏུ་ཆུ་རྫ་ཉོ་རུ་སོང་ཞིང་།ཕྱིར་ལམ་ཐག་རིང་བོར་དཀའ་བས་ཁུར་ཏེ་ཕ་ཡུལ་དང་ཉེ་བའི་རྡོ་ཕ་བོང་ཞིག་ཏུ་འབྱོར་དུས།ངལ་ཅུང་ཙམ་གསོས་པ་ཡིན།དེ་ནས་ཅུང་ཙམ་འགོར་ཏེ་འགྲོ་གྲབས་བྱ་དུས་རྐང་སྣེར་རྡོར་ཐོགས་ཏེ་ཆུ་རྫ་ཆག་པར་གྱུར་ཚུལ།ད་དུང་།གསར་དར་གྱི་ཡོ་བྱད་རྫིག་པོ་འདི་དག་གང་ཡང་མེད་པའི་འཚོ་བའི་རྒྱབ་ལྗོངས་འོག་ནས་ང་ཚོའི་མི་ཚེའི་དུས་ཚོད་མཐའ་དག་འདི་ལྟར་ཟད་སོང་བར་བསམ་བློ་རྣལ་ཐིངས་གཏང་དུས།ཁྱོད་ཚོ་ནི་དངོས་ནས་བདེ་སྐྱིད་ཀྱི་འོད་རླབས་ཁོ་ནར་བསྙེས་ནས་མི་འདོད་སྡུག་བསྔལ་མ་མཐོང་བའི་བསོད་ནམས་འཛིན་མཁན་ཏག་ཏག་རེད།ཡ།ད་མང་པོ་མི་བཤད།བཤད་ན་སྒྲུང་ལྟ་བུ་ཡིན་ནི་རེད།ཅེས་འཁང་ར་དང་འགྱོད་གདུང་ཟུང་འདྲེས་པའི་མིག་ཀོང་དང་སྐད་ཆའི་འབྲུ་དབྱངས།མ་ཟད་སྐྱོ་ཉམས་རེ་ཆད་ཀྱི་རྣམ་འགྱུར་དེ་ཚོ་ཡིད་ངོར་སྤྲིན་ཕུང་ལྟར་ཐོལ་གྱིས་གཏིབས་ཡོང་དུས།ཁོ་ཚོའི་ལས་ཀྱི་དཀའ་སྡུག་གིས་ཟད་པའི་ལོ་ཟླ་དེ་དག་ལ་གདུང་སེམས་མཉམ་སྐྱེད་མི་བྱེད་གཏོལ་བྲལ་བྱུང་སོང་།དེ་བས།ང་ཚོས་བསོད་ནམས་ཀྱི་ཁབ་ཏུ་སྨིན་པའི་རྒྱུ་བཟང་བོ་སྐྲུན་བྱེད་འདི་ཚོ་གཅེས་པར་བསྐྱངས་ཏེ་ཡ་རབས་དགེ་བའི་སྦྱོར་བར་ཤ་ཐང་དུ་བརྩོན་རྒྱུ་ནི་གནད་དམ་པ་ཞིག་ཏུ་ཡང་ཡང་འཁུམས།

ཇ།

    ལོ་ཟླའི་གཙང་བོ་མདུན་དུ་ཇི་ལྟར་བཞུར་ནའང་།ངའི་རྣམ་ཤེས་ཀྱི་ཁམས་སུ་དབྱེར་མེད་ཟུག་པའི་འདས་སོང་གི་རྨི་ལམ་དེ་ཚོ་བཏང་སྙོམས་སུ་གཏན་ནས་བསྐྱུར་མ་ཐུབ་པས།ངས་སེམས་ཀྱི་གཏིང་ནས་ང་ལ་འབྲེལ་བ་ཡོད་པ་དེ་ཚོ་ལ་འུར་བཙལ་ན་འདོད་བྱུང་།བཙལ་ན་འདོད་བྱུང་།

ཉ།

    རེད་ཨང་།ཕ་ཡུལ་ལགས།ཡུན་རིང་མ་འཕྲད་པའི་སེམས་ཚོར་ཀློང་ནས།ངས་ནི་གློ་རྡེག་ཏུ།ལོ་ཟླའི་རྐང་སྣེར་འཁྱིལ་བའི་བྱིས་དུས་ཀྱི་གཏམ་རྒྱུད་ཡོད་ཅོག་དྲན་པའི་སྤོ་རུ་ཡང་ཡང་དགུག་བསམ་ནའང་།གཏན་དུ་ཕྱིར་འོང་དཀོན་པོའི་དགའ་སྐྱོའི་འདུ་བ་མཐའ་དག་ང་དང་རྒྱང་དུ་བཀྱེད་པའི་ཚོར་བས་ལུས་སེམས་ཀྱི་གཞུང་ལ་ཚེར་མ་ཟུག་པ་ལྟར་རྦད་དེ་བསྲོན་དཀའ་བར་གྱུར།བརྒྱ་ལ།དུས་ཚོད་ཀྱི་མདུན་ནས་བདག་ལ་བདམ་གསེས་ཀྱི་གོ་སྐབས་ཐེངས་ཤིག་བསྩལ་ཚེ།ང་ལ་ལས་ཀྱིས་གཏང་རག་ལྟ་བུའི་སྐལ་ཆུང་ཆུང་ཅི་ཡང་མ་ཐེམ་ནའང་ཆོག་མོད།འོན་ཏེ་ངས་ནི་ཅི་མི་སྙམ་པར་བྱིས་དུས་ཀྱི་འཚོ་བའི་ཀློང་ལ་ཏབ་ཅིག་མྱུལ་ཏེ་ང་དང་འབྲེལ་བ་ཡོད་པ་ཐམས་ཅད་འབད་པས་བཙལ་ཏེ་ལུས་སེམས་ཀྱི་དྲོད་ཤ་འཇམ་པོས་ལན་བརྒྱར་གླན་ན་ལྷག་ཏུ་འདོད་ཅིང་།མི་ཚེ་གཅིག་གི་ལོ་རིམ་ཁྲོད་ནམ་ཡང་བརྒལ་བར་དཀའ་བའི་ཕྱིར་དྲན་གྱི་ཚོགས་ལ་ཅིས་ཀྱང་མཐའ་མའི་གྱེས་ཕྱག་རེ་འཚལ་ན་ཧ་ཅང་འདོད་ཨང་།མདོར་ན་ཁྱོད་ནི་ངའི་མི་ཚེའི་འདས་མ་ད་གསུམ་ལ་ལུས་ངག་ཡིད་གསུམ་གྱིས་སྐྱོང་བའི་བདག་ཉིད་རླབས་ཆེན་གང་དེ་ཡིན་པས།ཁྱེད་ཉིད་ཀྱི་འགྲན་དུ་མེད་པའི་བྱམས་པ་དང་འོད་ངོགས་ཀྱི་ཞལ་རླངས་དྲོན་མོའི་ཀློང་ནས་ང་རང་འདི་ལྟར་དོན་མེད་ཁུ་སིམ་དུ་རྒས་འགྲོ་བའི་གནས་ལུགས་ག་ན་ཡོད་དེ།ཡོད་རེ་སྐན་ནོ།།


  • ལེ་ཚན་སྔོན་མ།:རོགས་སྐྱོར་སྐབས་མཚམས་འཇོག་པའི་ནང་སྲོལ་གནད་ལ་སྨིན།
  • ལེ་ཚན་རྗེས་མ།:སློབ་ཆུང་གི་སྐད་ཡིག་དགེ་རྒན་རྣམས་ལ་སྐད་ཅིག་སྐུར།