རོགས་སྐྱོར་སྐབས་མཚམས་འཇོག་པའི་ནང་སྲོལ་གནད་ལ་སྨིན།

སྐལ་ཐུབ།        2018-10-08

     ཉེ་སྔོན་དགེ་རྒན་ཞིག་གིས་དབུལ་ཐར་འགག་སྒྲོལ་སྐོར་དང་འབྲེལ་བའི་འཆད་ཁྲིད་ཅིག་ཉན་པའི་བསྐལ་བ་ཐོབ་ཅིང་། དགེ་རྒན་དེས་ཡ་མཚན་པའི་སྐད་ཆ་ཞིག་བཤད་སོང་སྟེ། ཁོང་ཚོ་དགེ་རྒན་རྟོག་ཞིབ་ཚོ་ཆུང་ཞིག་ས་ཆ་ག་གེ་མོ་ཞིག་ན་དབུལ་ཐར་འགག་སྒྲོལ་ལས་ཀར་རྟོག་ཞིབ་ཏུ་ཕྱིན་པའི་ཚེ། གྲོང་སྡེ་ཞིག་ལ་བསླེབས་པ་དང་། དེར་ལས་བྱེད་པ་དང་གྲོང་མི་ཁ་ཤས་ཀྱིས་ཚ་གདུག་བཟོད་ནས་ཞིང་དུ་ལས་ཀར་བྲེལ་བཞིན་ཡོད་ན་ཡང་། དེའི་ཟུར་གྱི་སྡོང་པོའི་བསིལ་གྲིབ་འོག་ཏུ་ཕོ་གསར་ཁ་ཤས་ཀྱིས་དུ་བ་འཐེན་ནས་སོལ་དལ་ངང་བསྡད་ཀྱིན་ཡོད་པ་མཐོང་། དེ་ནས་ཁོང་ཚོ་ཟུར་དུ་བཅར་ནས་ཕོ་གསར་དེ་ཚོར་གནས་ཚུལ་དྲིས་དུས། དེ་རིང་ཡུལ་ཚོའི་ལས་བྱེད་པ་ཆེད་དུ་ཁོ་ཚོའི་གྲོང་སྡེའི་ཐོན་ལས་རྟེན་གཞིར་ཞོག་ཁོག་འཛུགས་སར་ཁྲིད་སྟོན་བྱེད་དུ་ཡོང་བ་ཡིན་འདུག དེ་ནས་ཕོ་གསར་ཞིག་གིས་ད་ང་ཚོ་ལས་ཀ་འགུལ་ས་འགྲོ་ཞེས་བཤད་ཀྱང་ཕོ་གསར་གཞན་ཞིག་གིས་ད་དུང་མལ་གསོས་ནས་སྡོད། ལས་བྱེད་པ་དེ་ཚོར་འགུལ་དུ་ཆུག ཁོ་ཚོས་མ་འགུལ་ན་གོང་རིམ་གྱི་ཞིབ་བཤེར་ལས་ཐར་ཐུབ་རྒྱུ་མ་རེད། མ་ཐར་ན་ཆད་པ་རག་རྒྱུ་རེད་ཅེས་བཤད་པ་རེད། ཁོང་ཚོས་ཕོ་གསར་དེའི་སྐད་ཆ་ལ་ཉན་རྗེས་དངོས་གནས་ཧ་ལས་སོང་ཞེས་བཤད་པ་རེད། 

     ཐོག་མར་གནས་ཚུལ་དེ་བདེན་པ་ཡིན་ཕྱིན། ང་ཚོའི་མང་ཚོགས་ཁ་ཤས་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་ངན་པའི་དུག་རྩ་ད་དུང་ཆོད་མེད་པར་ཤེས་ཐུབ་ཅིང་། ཏང་དང་སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་སྣ་མང་བཏོན་ནས་དབུལ་ཞྭ་ཕུད་པའི་ཐོག་མའི་བསམ་འདུན་དང་རྦད་དེ་འགལ་བ་རེད། ཏང་དང་སྲིད་གཞུང་གིས་མི་དམངས་རྩ་བར་འཛིན་པའི་འདུ་ཤེས་བཅངས་ནས་ཡུན་ཕན་ནང་སྲོལ་བཙུགས་ཤིང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་དབུལ་ཐར་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབ་པར་འབད་འབད་འབུངས་འབུངས་བྱས་དང་བྱེད་བཞིན་པ་ངལ་བ་འབྲས་མེད་དུ་བཏང་བ་རེད། དེ་ཡང་བདག་ཅག་གི་སྟོན་པ་མཆོག་གིས་ངས་ནི་ཁྱོད་ལ་ཐར་པའི་ལམ་སྟོན་གྱི། ཐར་པ་རང་ལ་རག་ལས་བརྩོན་པར་གྱིས་ཞེས་གསུངས་པ་ལྟར། ཏང་དང་སྲིད་གཞུང་གིས་ང་ཚོར་དབུལ་ཐར་གྱི་འགྲོ་ལམ་དང་ཐབས་ལམ་བསྟན་ཞིང་། དབུལ་ཞྭ་ཕུད་དགོས་པ་ང་ཚོ་དེའི་ཁྲོད་དུ་ཧུར་ཐག་གིས་ཞུགས་ཤིང་རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དགོས་པ་ལས་ཟུར་དུ་གཡོལ་ཐབས་ག་ལ་ཡོད། རང་གི་དབུལ་ཞྭ་ཕུད་པར་རང་ཉིད་བྱེད་པ་པོ་མི་བྱེད་ན་དུས་ནམ་ཡང་དབུལ་ཐར་བྱུང་བའི་སྐབས་མེད་དོ།།

   ཚུལ་མིན་གྱི་སྣང་ཚུལ་འདི་ལ་ཐབས་ཤེས་མེད་པ་ཨེ་རེད་ཅེ་ན། དེ་ནི་མིན་ཏེ། ད་ལྟ་རང་ཁུལ་གཙོས་པའི་ས་གནས་མང་པོས་དབུལ་པོ་ཁ་ཤས་དབུལ་ཐར་འཕེལ་རྒྱས་ཁྲོད་དུ་མ་བསྐུལ་དང་བླངས་ཀྱིས་མི་ཞུགས་པ་དང་ཡང་ན་ཁྲིམས་དང་སྒྲིག་ལམ་མི་སྲུང་བ། ཡང་སྒོས་སུ་གྲོང་ཡུལ་གྱི་དབུལ་ཐར་བྱ་གཞག་ལ་འགལ་རྐྱེན་བཟོ་བའི་རིགས་ལ་དམིགས་ནས་རོགས་སྐྱོར་དང་གཟིགས་སྐྱོང་སྲིད་ཇུས་ལག་ལེན་སྐབས་མཚམས་འཇོག་པའི་ནང་སྲོལ་བཙུགས་པ་རེད། ནང་སྲོལ་འདི་འདྲ་བཙུགས་པ་ནི་དུས་ཐོག་ཆར་པ་ཡིན་ཞིང་རྣག་ཐོག་གཙག་འཁེལ་ཡང་ཡིན་ཏེ། དེ་ལྟར་ལག་ལེན་དངོས་སུ་བསྟར་ཚེ་ཉི་མ་འཁྱོལ་ཐབས་ཁོ་ནར་བསམ་ཞིང་། གཞན་བརྟེན་གྱི་འཚོ་བར་གོམས་དྲགས་པ། རང་སྐྱོན་མཛོ་ཙམ་མི་རིག་གཞན་སྐྱོན་ཤིག་ཙམ་འཚོལ་ལོབས་ཤིང་འགྱོད་མུག་དང་ལེ་འདའ་ཁྲོད་དུ་མི་ཚེ་སྟོང་ཟད་བྱས་དང་བྱེད་བཞིན་པའི་དབུལ་པོ་རྣམས་ལ་མཚོན་ན་རྨོངས་གཉིད་ལས་དཀྲོགས་པའི་རྔ་སྒྲ་དང་བརྩོན་འགྲུས་ལ་བསྐུལ་བའི་དུང་བརྡ་ལྟ་བུ་ཡིན་པ་རེད། དེ་ལྟར་ལག་ལེན་དངོས་སུ་བསྟར་ཚེ་གཞི་ནས་སུ་དང་གང་ཞིག་དྲིན་ཆེན་པོ་ཡིན་པ་ཤེས་ནས་དྲིན་དྲན་གྱི་བསམ་པ་སྐྱེ་སྲིད་པ་དང་། ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་རྒྱབ་སྐྱོར་མེད་ཚེ་བྱ་བ་གང་ཞིག་བསྒྲུབ་ཀྱང་བདེ་བླག་ངང་འགྲུབ་ཐུབ་ཀྱི་མེད་པའི་གོ་བ་སྐྱེ་སྲིད་པ་རེད། 

      དེ་ལྟར་དབུལ་ཐར་འགག་སྒྲོལ་གྱི་ཁྲོད་དུ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གང་ལ་གང་འཚམ་གྱི་ཐབས་མཁས་ནང་སྲོལ་གནད་ལ་སྨིན་པ་བཙུགས་ཏེ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་གཏིང་ནས་བསླང་པ་ཡིན་ན། རང་ཁུལ་ཡང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབ་ཐུབ་པ་གདོན་མི་ཟའོ།།


  • ལེ་ཚན་སྔོན་མ།:ཉིན་དེར།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་འགྲུལ་བཞུད་ཐེངས་ཤིག
  • རྩོམ་གསར། 10