ཉིན་དེར།

ཁ་དྲག        2018-10-08


     ཉིན་དེར་ཕུ་བོའི་ཁ་པར་ཐོན་བྱུང་། ཁོས་སྐད་གདངས་ནི་ནམ་རྒྱུན་དང་མི་འདྲ་བར་མཛོ་མོ་གྲོག་རོང་དུ་ལྷུང་བའི་ངུར་སྒྲ་ལྟར་ཁ་པར་གྱི་གཏིང་རིམ་ཞིག་ནས་གྲག་བྱུང་། ངས་ཡང་དང་བསྐྱར་དུ་ཨ་ཞེས་ལྡོག་འདྲི་བྱས་པ་ན་ད་གཟོད་ཁོས་གཉོམ་ལ་གཅོམ་པའི་སྐད་ཀྱིས་དོན་དག་གསལ་བོར་བཤད་བྱུང་། མ་གཞི་ཉིན་དེར་ལོ་རེ་རེ་བཞིན་སྡེ་བའི་ནང་དུ་རྒན་རྒོན་ཚོའི་ནད་ལ་བརྟག་དཔྱད་བྱེད་དུ་ཡོང་བའི་སྨན་པ་ཚོས་བཤད་ན་ཨ་མའི་རྒྱུ་ཞབས་ན་ནད་ཅིག་འདུག་པ་དང་ནད་དེ་ད་ལྟ་ཅུང་ཆེ་བས་སྨན་ཁང་ཆེ་ས་ཞིག་ལ་བསྐྱར་དཔྱད་བྱེད་དུ་འགྲོ་དགོས་ཟེར། དེ་དུས་ང་ཡང་མདའ་ཡིས་བརྒྱབ་པ་ལྟར་ཤེས་མེད་ཚོར་མེད་དུ་གྱུར།

     ཅུང་ཙམ་ནས་ངས་རང་དང་རང་གི་མིང་སྲིང་ཚོར་གལ་ཏེ་དེ་རིང་སྨན་པ་སྒོ་ཁར་ཡོང་མེད་ཚེ་ཨ་མ་འདི་ལྟར་བལྟས་བལྟས་རིག་རིག་ལ་ནད་ཀྱི་ཁ་ནང་དུ་འཇོག་རྒྱུ་རེད། བསམ་མེད་དང་ཆོ་མེད་ཟེར་བ་ཁྱེད་ཚོ་ལས་ཅི། ཟེར་ནས་ལེ་འདེད་རེ་བྱས་རྗེས། ཕུ་བོ་དང་ལྷན་དུ་ཨ་མ་སྨན་པ་སྟོན་དུ་སོང་། ཨ་མ་ནི་ལོ་ན་ཧ་ཅང་བགྲེས་པས་ཐོག་མར་ངེད་གཉིས་ཀྱིས་ཁོ་མོ་ཕ་ཡུལ་དང་བར་ཐག་ཅུང་ཉེ་བའི་གྲོང་རྡལ་གྱི་སྨན་ཁང་ཆུང་ཆུང་ཞིག་ལ་བསྟན། སྨན་ཁང་ཆུང་ཆུང་དེའི་སྨན་པས་བརྟག་དཔྱད་ཅིག་བྱས་རྗེས་ཨ་མའི་རྒྱུ་ཞབས་ན་ཡོད་པའི་ནད་དེ་ནི་སྐྲངས་འབུར་ཞིག་རེད། སྐྲངས་འབུར་དེ་ཕལ་ཆེར་ལོ་ཉི་ཤུ་སུམ་ཅུའི་སྔོན་ནས་བཟུང་སྐྱེས་མགོ་ཚུགས་པས་ད་ནི་ནད་དེ་ཆེས་ཆེ་བའི་དུས་ལ་རན་ཡོད་རྐྱེན་བཅོས་ཐབས་མི་འདུག་ཟེར།

     ཨ་མས་ཀྱང་ལོ་ངོ་སུམ་ཅུའི་སྔོན་ནས་བཟུང་ནད་བརྟག་ཅུང་ཙམ་རེ་ཡོད་མྱོང་མོད། དེ་དུས་ཁྱིམ་ཚང་གི་ཆ་རྐྱེན་ཕར་ཞོག་སྨན་ཁང་གི་ཆ་རྐྱེན་ཡང་ཞེ་དྲག་དཀོན་པས། སྨན་པ་ཞིག་ལ་སྟོན་ས་མེད་ལ་ཐ་ན་སྨན་ཞིག་ཀྱང་འཐུང་མ་ཐུབ་ཟེར། སྨན་པའི་གཏམ་དེ་གོ་བས་ཨ་མ་ནི་སེམས་ཁོ་ཐག་ཆད་དེ་ད་ནི་ཅི་བྱེད་ལས་ལ་ལྡོག་ཐབས་མེད་པས། ཕྱིར་ཡུལ་ལ་འགྲོ་ནས་འཆི་རྒྱུར་སྒུག་ཟེར། ཕུ་བོ་ནི་མིག་ཆུ་ཁྲོམ་ཁྲོམ་ཨ་མ་ལ་འཐམས་ཤིང་ང་ལ་ཅེར་ནས་དངངས་འབོད་བྱེད་ཀྱི་འདུག ཡིན་ན་ཡང་ང་གྲོང་རྡལ་གྱི་སྨན་ཁང་འདིར་དེ་འདྲའི་ཡིད་ཆེས་མེད་པས། ད་ནི་རེ་བ་ཉག་གཅིག་བཟུང་ནས་ཞིང་ཆེན་སྨན་ཁང་དུ་འགྲོ་དགོས་བསམ་པ་དེ་རེད། ཐོག་མར་ཨ་མ་ཡིད་སེམས་སྡུག་པ་དང་ཞེ་ཐག་ཆད་པ་གང་ཡིན་མི་ཤེས་མོད། གང་ལྟར་ཞིང་ཆེན་སྨན་ཁང་དུ་འགྲོ་རྒྱུར་འཐད་པ་མ་བྱུང་། ཡིན་ན་ཡང་ངེད་ཕུ་ནུ་གཉིས་ཀྱིས་ཁ་ཏ་ཅུང་ཟད་བྱས་པ་ན་ད་གཟོད་ཁོ་མོ་འཐད་པ་བྱུང་། འོན་ཀྱང་རེ་བ་ཅི་ཡང་བཟུང་མེད་པ་འདྲ། དེ་ནས་ངེད་གཉིས་ཀྱིས་སྨན་ཁང་དུ་འགྲོ་བའི་གྲ་སྒྲིག་དང་སེམས་ཁམས་ཀྱི་གྲ་སྒྲིག་ཚགས་སུ་ཆུད་པར་བྱས་ནས་ཕྱི་ཉིན་ལ་སྒུག དགོང་མོ་དེར་ང་ནི་ཧ་ཅང་རིང་བའི་དམྱལ་བའི་མཚན་མོ་ཞིག་གི་པང་དུ་ལྷུང་སོང་།


     ཉིན་དེའི་ཕྱིར་ཉིན་ངེད་མ་བུ་གསུམ་དང་ཡུལ་མི་ཚང་མས་རེ་བ་ཉག་གཅིག་ཞིང་ཆེན་སྨན་ཁང་དུ་གཏད་ནས་ལམ་ལ་ཆས་པ་ཡིན། ཕ་ཡུལ་ནས་ཞིང་ཆེན་སྨན་ཁང་བར་གྱི་ལམ་ཐག་ནི་ཉིན་དེའི་ང་ཚོར་མཚོན་ན་མནར་གཅོད་ཧ་ཅང་ཆེ་བས་འགྲུལ་བཞུད་ཅིག་རེད། ཕལ་ཆེར་མི་མང་ཤོས་ཤིག་གིས་མྱངས་མ་མྱོང་བའི་སྡུག་བསྔལ་གྱི་བྲོ་བ་གཞན་ཞིག་ཡིན།

     ཐལ་མདོག་ལྡན་པའི་རི་བོ་དང་ལུང་བ། ཆུ་བོ་དང་གཙང་བོ། གྲོང་དང་གྲོང་ཁྱེར། སྲང་ལམ་དང་ཁྲོམ་ར་མང་པོ་ཞིག་བརྒྱུད་ནས་ད་གཟོད་ཞིང་ཆེན་སྨན་ཁང་དུ་ཐོན་བྱུང་། བདག་གི་མིག་གིས་ལྟ་ཚུལ་ཞིག་ལ་ཉིན་དེའི་ཞིང་ཆེན་སྨན་ཁང་ནི་རི་བོ་པོ་ཏ་ལ་ལས་ཀྱང་རྔམ་བརྗིད་ལྡན་པ་ཞིག་རེད། གྲོང་ཁྱེར་གྱི་དཀྱིལ་ན་དབུ་ཁྲིད་ཀྱི་ཚུལ་དུ་ཀྲོང་ངེར་འགྱིང་འདུག་པ་མཐོང་བས་སེམས་སུ་དགའ་བ་དང་སྐྲག་སྣང་བསྣོལ་མའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་།

སྣ་མི་གཅིག་པའི་བརྟག་དཔྱད་རབ་དང་རིམ་པ་ཞིག་གི་མཇུག་འབྲས་སྨན་པའི་ཕྱག་ཏུ་འབྱོར་དུས་སུ་ང་ཚོའི་སྙིང་ནི་དགུན་སྟོད་ཀྱི་ལུ་གུ་བཞིན་དུ་མཆོངས་རྩེན་བྱེད་ཀྱི་འདུག ཡིན་ན་ཡང་སྨན་པ་ནི་ལྷོད་ཅིང་བབ་ཆགས་པའི་ཉམས་ཀྱིས་བཤད་དོན། ཨ་མའི་ནད་ནི་གྲོང་རྡལ་སྨན་པའི་བཤད་པ་ལྟར་སྔ་མོ་ནས་སྐྱེས་ཤིང་ད་ལྟ་ཆེར་བསྐྱེད་ཡོད་པས། སྔོན་ཆད་ཡིན་ན་འཆི་བར་སྒུག་པ་ལས་ཐབས་མེད་མོད། འོན་ཀྱང་ད་ལྟ་ཚན་རིག་གི་འཕེལ་རྒྱས་ཧ་ཅང་ལེགས་པས། ནད་འདི་ལྟ་བུ་ནི་གཤགས་བཅོས་བྱས་ནས་བླངས་ཆོག་ཟེར། གཏམ་དེ་ནི་ང་ཚོར་མཚོན་ན་རྨ་བྱའི་རྣ་ལ་འབྲུག་སྒྲ་ལས་ཀྱང་སྙན་པས། དེ་མ་ཐག་ཁ་པར་བླངས་ནས་མིང་སྲིང་ཚོར་ཨ་མ་དྲགས་ཐབས་ཡོད་འདུག་ཅེས་འུར་བ་ཡིན། སྐབས་དེར་ངའི་སེམས་ལ་སྒེར་གྱི་སྨན་ཁང་དང་གཞུང་གི་སྨན་ཁང་གི་ཁྱད་པར་ནི་སེངྒེ་དང་ལྗི་བ་རེད། གངས་རི་དང་དེའུ་འབུར་རེད་སྙམ་བྱུང་།


     འོན་ཀྱང་ད་རུང་སེམས་ཁུར་བྱེད་ས་ཞིག་ནི་དངུལ་སྒོར་ཡིན། གོ་ཐོས་སུ་སྨན་ཁང་དུ་མི་ཞིག་ལ་བཤགས་བཅོས་བྱེད་དགོས་ན་སྒོར་མོ་ཧ་ཅང་མང་པོ་དགོས་ཟེར་སྲོལ་ཡོད་པས། ངས་ཕུ་བོ་ལ་དེའི་སྐོར་ནས་གྲོས་ཤིག་བྱས་པ་ན་ཨ་མ་སྐྱོབ་ཐབས་ཡོད་ཚེ་རང་གཉིས་ཀྱི་ཁྲག་བཙོངས་ནས་ཀྱང་སྨན་རིན་འཇལ་ཐབས་བྱེད་ཟེར། ཕུ་བོའི་གཏམ་དེ་གོ་བས་ང་ལ་སེམས་འགུལ་དང་སྤོབས་པ་མཉམ་དུ་ཐོབ་ནས་ཚོད་ཚོད་ལ་དགའ་བ་ཞིག་སྐྱེས་བྱུང་། དགའ་བ་དེ་ནི་འཇིག་རྟེན་དུ་ཆེས་མཆོག་ཏུ་གྱུར་བའི་བརྩེ་བ་ཟེར་བའི་ཐ་སྙད་དེའི་འཇུག་ཡུལ་ཡིན་པར་གདའ། དེ་ནས་ངས་སྨན་པ་ལ་གཤགས་བཅོས་བྱས་ན་སྨན་རིན་ག་ཚོད་དགོས་སམ་ཞེས་དྲིས་པ་ན། ཁོས་སྤྱིར་ན་སྒོར་ཁྲི་གཉིས་ཙམ་དགོས་མོད། ད་ལྟ་རྣམ་པ་གསར་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་སྲིད་ཇུས་ལག་བསྟར་བྱས་ཡོད་པས། ཁྱེད་ཚོས་ལག་ནས་སྒོར་ཁྲི་གཅིག་ཙམ་གྲ་སྒྲིག་བྱས་པས་ཆོག་ཟེར། ཨ་ཙི། གཏམ་དེ་བདེན་ན་རྣ་ལ་སྙན་པ། སྔོན་ཆད་ཡིན་ན་སྒོར་ཁྲི་གཅིག་ནི་གནམ་ལས་ཆེ་བའི་གྲངས་ཀ་ཞིག་ཡིན་མོད། དེང་གི་དུས་འདིར་སྒོར་ཁྲི་གཅིག་ནི་རྒྱུན་ལྡན་གྱི་གྲངས་ཀ་ཞིག་ཡིན་པས། ཕུ་བོས་ཡང་དང་བསྐྱར་དུ་ཁྱོད་ཀྱིས་ཉན་ནས་འཆུག་སོང་བ་འདྲ་ཡང་བསྐྱར་དྲིས་དང་ཟེར།(དེའི་རྒྱུ་མཚན་ཕུ་བོས་རྒྱ་སྐད་མི་གོ་བས་ང་ལ་འདྲི་རུ་བཅུག་པ་རེད།) ང་ཡང་རང་ཉིད་ལ་དེ་འདྲ་མ་རློམ་པར་ཡང་བསྐྱར་སྨན་པར་དྲིས་པ་ན་སྨན་པའི་ཨ་གསལ་ཨོམ་དག་གི་སྒོ་ནས་སྔོན་ལྟར་བཤད་པས། ཕུ་བོས་ཁ་ནས་སླ་བ་ལ་ཟེར་ཞོར་མྱུར་དུ་སྒོར་ཁུག་ནས་དངུལ་བྱང་ང་ལ་བྱིན་ཏེ་སྨན་ཁང་དུ་སྤྲོད་དུ་བཅུག


     སྨན་ཁང་ནས་ཉིན་གསུམ་ལ་སྒུག་མཐར་ཨ་མར་གཤགས་བཅོས་བྱེད་པའི་དུས་ལ་རན་སོང་། སེམས་ཁུར་མི་རྒན་ཁ་སྤུ་འདྲ། བཅད་ཀྱིན་བཅད་ཀྱིན་ཇེ་མང་དུ་འགྲོ་བ་ནི་ངས་ཁེག་ཁུར་བྱེད་དགོས་པའི་དོན་མཐའ་དག་ལ་ཁེག་ཁུར་བྱས་ནས་མཛུབ་མཐིལ་མནན་པ་ན། ཨ་མས་ལུས་ཕུང་མི་བཟང་བ་དང་ལོ་ན་བགྲེས་པས་གཤགས་བཅོས་ཐེངས་ཤིག་གི་རླབས་ཁ་ཐེགས་ནུས་སམ། བཟི་སྨན་གྱི་དུག་ཁ་ཐུབ་བམ་སྙམ་པ་དེ་རེད། ད་ནི་གང་ལྟར་མདའ་འཐེན་ནས་མདེའུ་ལ་གཏུགས་ཡོད་པས། རང་ཚོས་གཤགས་བཅོས་ཁང་གི་སྒོ་ཁ་ནས་གསོལ་བ་འདེབས་ཞོར་རེ་བ་བཅངས་ནས་འདུག་རྒྱུ་དེ་རེད། ཉིན་དེར་ང་དང་ངའི་མིང་སྲིང་གཙོས་པའི་ཤ་ཉེ་འབྲེལ་མང་པོ་ཞིག་ཐོན་ཡོད་པས། ཚང་མས་རང་རང་ས་ན་ལྷ་ལ་གསོལ་བ་འདེབས་ཞིང་མ་འགལ་སོ་ཡིས་འཆང་ནས་ཨ་མར་སྒུག་པའི་ཚུལ་ནི་བརྙན་འཕྲིན་ལས་ཀྱང་མཐོང་མ་མྱོང་བའི་རྣམ་པ་ཞིག་རེད།

     ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ནས་སྨན་པས་ང་རང་བོས་བྱུང་བས་ངའི་སེམས་ལ་ད་ནི་མ་འགྲིག་པར་ཐག་གིས་ཆོད། འདི་འདྲ་མགྱོགས་པོར་ང་རང་འབོད་དོན་ལ་བལྟས་ནས་གཤགས་བཅོས་ལ་གནད་དོན་ཞིག་བྱུང་སོང་བ་འདྲ་བས་ཡིད་ལ་དེ་མ་ཐག་གྲོང་རྡལ་སྨན་པས་བཤད་པའི་ད་ནི་ནད་འདི་ལ་བཅོས་ཐབས་མི་འདུག་ཟེར་བ་དེ་དྲན་ཞིང་། ངུ་སྐད་འཆོར་ཀྱིན་སྨན་པའི་ཕྱོགས་སུ་རྒྱུག་པ་ན། སྨན་པའི་ཤེལ་སྒོའི་གོང་ནས་ཁྱོད་ཀྱི་ཨ་མའི་ནད་ནི་བླངས་ཟིན་པ་དང་ཆེ་ཆུང་ལ་སྤྱི་རྒྱ་གང་འདུག་ཟེར། སྨན་པའི་དེ་ལྟར་རང་གི་རྣ་བ་ལའང་ཡིད་ཆེས་དཀའ་བའི་གཏམ་ཞིག་སྨྲས་བྱུང་བས་དར་ཅིག་ལ་ང་ནི་ཡང་བསྐྱར་ཅི་བྱེད་འདི་བྱེད་མེད་པར་གྱུར། ཨེན་ཙམ་ནས་ང་རང་རྨི་ལམ་ལྟ་བུ་ལས་སད་པ་དང་ད་ནི་ཨ་མ་ལ་སྐྱོན་མེད་སོང་བ་ཡིན་ནམ་ཞེས་འདྲི་བསམ་དུས་སྨན་པ་ཡང་བསྐྱར་གཤགས་བཅོས་ཁང་དུ་འཛུལ་སོང་། སྙན་ལ་འགྲན་ཟླ་མེད་པའི་གཏམ་དེ་མིང་སྲིང་ཚོར་བཤད་པ་ན་ལ་ལ་གནམ་ལ་ལྡིང་། ལ་ལར་མཆི་མ་འཆོར་ཀྱིན་དགའ་འབོད་བྱས། ཕུ་བོ་ག་ཤེད་ཅིག་ནས་ངའི་སྔུན་ལ་འཛུལ་འོངས་ཏེ་ཁྱོད་ཀྱིས་རྫུན་མ་བཤད་ཟེར། སྐབས་དེའི་ཁོའི་ཉམས་ནི་དག་དག་ངས་བརྙན་འཕྲིན་ནང་ནས་མཐོང་མྱོང་བའི་ཉམས་ཤིག་རེད།

ཅུང་ཙམ་ནས་ནད་གཡོག་སྨན་པ་གཉིས་ཀྱིས་ཨ་མ་ཉལ་ཁྲི་དང་བཅས་པར་ཕྱིར་དྲུད་ནས་ཐོན་བྱུང་། ཉིན་དེའི་སྣང་ཚུལ་དེ་ངེད་མིང་སྲིང་ཚོའི་སེམས་ནས་བརྗེད་ཐབས་མི་འདུག


     གཤགས་བཅོས་རྗེས་ཀྱི་ཉིན་བདུན་པར་ཨ་མ་ཕལ་ཆེར་ཡར་མར་ལ་འགྲོ་རྒྱུར་ཐོགས་འདུག་མེད་པ་འདྲ། དེ་ནས་ངས་ཨ་མ་ལ་གཤགས་བཅོས་བྱེད་དུས་ཚོར་བ་ག་འདྲ་རེད། ཨེ་སྐྲག་ཐལ། ཨེ་ན་ཐལ་ཞེས་དྲིས་པ་ན། ཨ་མས་སྨན་པ་ནི་ངོ་མ་ཡ་མཚན་རེད། ལག་རྩལ་ནི་དེ་ལས་ཀྱང་ཡ་མཚན་རེད། ཚན་རིག་ནི་དེ་ལས་ཀྱང་ཡ་མཚན་རེད། ང་བཤགས་བཅོས་ཁང་དུ་སོང་བའི་རྗེས་སུ་ཅི་ཡིན་འདི་ཡིན་མེད་པར་སྐབས་ཤིག་ལ་སྨན་པས་ཁྱོད་ཀྱི་གཤགས་བཅོས་ལེགས་འགྲུབ་བྱུང་སོང་ཟེར། དེ་དུས་ངེད་མིང་སྲིང་ཚོ་ཧབ་ཆ་དི་རུ་རུ་བགད་པ་ཡིན། དགོད་སྒྲ་དེ་ནི་རྒྱལ་ཁའི་གད་རྒྱངས་ཡིན་པ་འདྲ།

     དེའི་ཕྱིར་ཉིན་ཨ་མའི་ལུས་ཕུང་གི་ཁག་སོ་སོ་ལ་ཡང་བསྐྱར་ཞིབ་བཤེར་ཞིག་བྱས་རྗེས་དོན་དག་མེད་ཚེ་ཡུལ་ལ་སོང་ཆོག་ཟེར། ཕྱི་ཉིན་གྱི་ཕྱི་དྲོར་ང་དང་ཕུ་བོ་གཉིས་བརྟག་དཔྱད་མཇུག་འབྲས་ལེན་དུ་སོང་བ་ཡིན། མཇུག་འབྲས་ཤོག་བྱང་སྟེང་དུ་རྒྱ་ཡིག་གི་རྒྱུན་ལྡན་ཞེས་པ་མང་པོ་ཞིག་འདུག་པས། ཕུ་བོས་ང་ལ་རྒྱ་ཡིག་དེ་གཉིས་བསྟན་ནས་འདིའི་དོན་ཅི་རེད་ཟེར།

     ངས་ཁོ་ལ་དེའི་དོན་ནི་ཨ་མའི་ལུས་ཕུང་ནི་རྒྱུན་ལྡན་རེད་ཅེས་པའི་ནང་དོན་རེད་ཅེས་བཤད་པ་ན། ཁོས་དགའ་བའི་ཉམས་ཀྱིས་ཨ་ཨ་ཨ། ཇི་འདྲའི་རྒྱུན་ལྡན་མང་པོ་ཞིག་འདུག་པ་ལ་ཨང་ཟེར་བས་ང་རང་ཁོག་དགོད་ཅིག་ཤོར་མོད། ཕུ་བོའི་སྐད་ཆ་དེ་ནི་དགའ་བ་མནོན་མ་ཐུབ་པའིམཚོན་རྟགས་ཤིག་རེད། སྐབས་དེའི་ཕུ་བོ་ནི་བྱིས་པ་ཞིག་དང་འདྲ་བར་ཚོད་ཚོད་ལ་འཛུམ་ཞིང་ཚོད་ཚོད་ལ་གནམ་ལ་ལྡིང་གི་འདུག


     དེའི་ཕྱི་ཉིན་ང་ཚོ་ཕྱིར་ཡུལ་ལ་ལོག་པ་ཡིན། ཞིང་ཆེན་སྨན་ཁང་ནས་ཕ་ཡུལ་བར་གྱི་ལམ་ཐག་ནི་ཉིན་དེའི་ང་ཚོར་མཚོན་ན་བདེ་སྐྱིད་དཔག་ཏུ་མེད་པའི་འགྲུལ་བཞུད་ཅིག་རེད། ཕལ་ཆེར་མི་མང་ཤོས་ཤིག་གིས་མྱངས་མ་མྱོང་བའི་བདེ་སྐྱིད་ཀྱི་བྲོ་བ་གཞན་ཞིག་རེད།

     ལྗང་མདོག་ལྡན་པའི་རི་བོ་དང་ལུང་བ། ཆུ་བོ་དང་གཙང་བོ། འུར་ཟིང་ཆེ་བའི་གྲོང་དང་གྲོང་ཁྱེར། སྲང་ལམ་དང་ཁྲོམ་ར་མཐའ་དག་གིས་ང་ཚོར་མཐེ་བོང་སྟོན་བཞིན་དེང་རབས་ཅན་གྱི་ཚན་རྩལ་ལ་བསྟོད་བསྔགས་བྱེད་ཀྱིན་འདུག


  • ལེ་ཚན་སྔོན་མ།:སྐྱེས་སྐར་བསུ་བའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:རོགས་སྐྱོར་སྐབས་མཚམས་འཇོག་པའི་ནང་སྲོལ་གནད་ལ་སྨིན།