གྲོགས་སྤྲིན་ནག་ལ་སྤྲིངས་བའི་ལྷ་བྱ།

རྔ་འོད།        2018-10-08

སློབ་གླིང་གི་དཔྱིད་དཔལ་གྱི་མེ་ཏོག་དང་ལྷན་དུ།

སེམས་དང་བསམ་པའི་དབྱར་ཁ་ཚེས་བྱུང་།


ཁྱོད་དང་འཕྲད་རྗེས།

ངའི་སྐྱེས་སྔོན་མའི་དགའ་རོགས་དང་འཕྲད་པ་ནང་བཞིན།

སྒོ་གསུམ་གྱི་རྟ་ཕོ་ཁྱོད་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར།


ཁྱོད་རང་ངོ་ཤེས་རྗེེས་སུ།

ཡིད་དབང་བཅོམ་པའི་སེམས་ཀྱི་སྤང་ལྗོངས་སུ།

སྤྲིན་ནག་གིས་སྙིང་གཏམ་གྱི་ཆར་བ་ཤག་ཤག་ཏུ་བབས།

དེ་ནི་བརྩེ་དུང་གི་ནར་སོན་གྱི་མྱུ་གུ་ཡིན།


དར་མདོ་འབོད་པའི་ལུང་བ་དེ་ནི།

ངེད་གཉིས་ཀྱི་ཕྱིར་དྲན་གྱི་རི་མོ་མང་བའི་མཛེས་ལྗོངས་ཤིག

ལང་ཚོའི་མེ་ཏོག་གི་སྒེག་ཉམས་མངོན་པའི་རྨ་བྱ་དེ།

ཤེས་རིག་གི་རྐང་དྲུག་འཕུར་བའི་གཤོག་རྩལ་ཅན།

སྒྱུ་རྩལ་གྱི་ལམ་བུ་འཛོམས་པའི་པ་ཏྲ་ཡིན།


ལྷ་ལམ་གྱི་བར་སྟོང་དུ་སྐྱོད་པའི་སྤྲིན་ནག་དེ།

ཁྱོད་རང་གི་གོམས་གཤིས་དང་འཚམ་པའི་སྤྲིན་པ་མིན།

སྤྲིན་ནག་འདི་ཅི་འདྲའི་འགྱུར་སླ་བ་ཞིག་རེད་ཨང་།

མི་རིགས་ཀྱི་འདུ་ཤེས་མེ་ལྕེ་བཞིན་འབར་བའི་དཔའ་རྒོད་ཅིག

སྐད་ཡིག་གི་རྒྱུན་སྤྱོད་ཆུ་བོ་ལྟར་དབྱེ་བ་མེད།

མི་ཕོ་སྤྲིན་ནག་ནི་འགྲན་ནུས་མེད་པའི་རྣམ་བཞག་ཡིན།


སེམས་ཀྱི་དབུས་སུ་རྒྱ་མཚོ་ལྟར་འཁྱིལ་བའི་སྤྲིན་ནག

ངས་སློབ་གླིང་ནས་ཆང་འཐུངས་ཡོད་དུས།

ཁྱོད་ཀྱིས་ང་ལ་གཤེ་གཤེ་བཏང་བ་དྲན་ནམ།

ད་དུང་སྙིང་གཏམ་གྱི་གཏམ་རྒྱུད་བརྗོད་པ་དྲན་ནམ།

ངས་ཀྱང་ཁྱོད་ཀྱི་སློབ་གསོ་ལ་ཉན་ནས།

ཕྱིར་སྡོད་ཤག་ཏུ་སོང་དེ།

རྨི་ལམ་གྱི་རོལ་མོ་དཀྲོལ་བ་དྲན་ནམ།


གྲོགས་སྤྲིན་ནག

དེ་རིང་ངས་ཁྱོད་ལ་ཚུལ་འཆོས་མིན་པའི་སྐད་ཆ་ལབ་མཆིས།

སྐད་ཆ་དེ་ལ་སྒྱུ་རྩལ་གྱི་ཁྱད་ཆོས་མི་དགོས།

རྒྱུ་མཚན་ངེད་གཉིས་ཀྱི་བར་དུ་ཕྱི་ནང་མེད།

ཁྱོད་ནི་ངའི་གཏན་རྒྱུད་ཡིན།

ཁྱོད་ནི་ངའི་ལོ་ཟླ་ཡིན།

ཁྱོད་ནི་ངའི་དགའ་སྐྱོ་ཡིན།

མདོར་ན་ང་ནི་རྟག་ཏུ་ཁྱོད་ལ་དབང་བའི་ལྷ་བྱ་ཡིན།


  • ལེ་ཚན་སྔོན་མ།:མི་ཚེའི་མཐོང་སྣང་།
  • ལེ་ཚན་རྗེས་མ།:སང་ཉིན་གྱི་ཁེར་རྐྱང་ལ་བྲིས་པ།