དབྱངས་གསལ་སོ་བཞི།

སངས་རྒྱས་རྡོ་རྗེ།        2018-09-28

བདེན་བརྗིད་ཀྱི་ཟུངས་ཁྲག་ལ་ངེས་བློས་གཏམས་པའི་དབུ་ཁྱུད་ཅིག།

ཡིག་གྲུབ་ཀྱི་འཁྲིད་སྣེ་ཟིན་ཅིང་དག་གསལ་འབྱིན་པའི་སྒྲ་གདངས་ཅིག།

དུས་རབས་ཀྱི་མངོིན་ཆོས་མཚོན་པའི་རམ་འདེགས་ཀྱི་དབྱངས་རྟ་ཅིག།

ཁྱེད་ནི་མེས་ད་ལས་མཆེད་པའི་སྒྲོན་མེ་རྐང་གཅིག།

གསལ་བྱེད་སོ་བཞི།

ངེས་ཟུང་གི་དབྱངས་རྟ་ལ་བང་གིས་གཅོག་ཏེ་སྔ་ཕྱིར་གྱི་ལོ་རྒྱུས་ཕབ།།

སྨྱུག་ཁའི་འདབ་ཟུང་ལ་བརྟེན་ནས་གནད་འབྱིན་གྱི་བརྡ་ཚིག་ངག་གིས་བཀྲོལ།།

ཁྱེད་ནི་མི་ཆོས་བྲལ་ཉེན་ལས་འགྱུར་བའི་དུས་མཚོན་གྱི་ཅོང་བརྡ་ཡིན།།

ཁྱེད་ནི་རྔམ་འཇིགས་གཡང་གཟར་ལ་འཁོར་བའི་སྤྲེའུ་རྒོད་ཁྱུ་གཅིག།

ལྡེམ་མྱུར་གྱི་གར་སྟབས་ལས་ལྕུག་ཕྲན་གྱི་ཚང་གསེབ་བརྒྱུད།།

གསལ་བྱེད་སོ་བཞི།

རིག་སྣོད་ཀྱི་བང་མཛོད་ལ་དན་བརྗིད་ཀྱི་དཔང་རྟགས་འབྲི།།

རྙོག་འཛིང་གི་དམག་འཁྲུག་ལས་བཟློག་ཏེ་སྲིད་གསར་ཀྱི་ངེས་ཚིག་ཕབ།།

མཚོ་མོའི་ངམ་བསྐྱོད་རླུང་གིས་གཡོར་བའི་བརྗིད་འཆིང་གི་གནས་པའི་གྲུ་གཟིངས་ལ།།

འཇིགས་ཀྱིས་མ་གཡོལ་སྐྱབས་སྐྱོང་མཛད་པའི་ནུས་ཚན་འཕྲུལ་ནུས་ཆེན་སྟེ།།

ཁྱེད་ནི་ངང་གི་ཚེ་སྲོག་ལ་རྒྱུ་བའི་དབྱངས་གསལ་སོ་བཞི་ཡིན།།

བདག་གིས་བསྟོད་བཀླགས་བརྫུས་མའི་བྲིས་རྒྱུགས་མ་མཛེས་སྙན་དབེན་ཀྱང་།

བོད་མེས་ངེས་པའི་དབྱངས་གསལ་སོ་བཞི་མི་རིགས་བརྟན་པའི་རྨང་རྡོ་ཡིན།།

སྤྲུལ་མཛད་ཐོན་མིའི་གསར་བཀོད་ལུང་ཐོས་སྨྲ་བའི་འཕྲུལ་བཀོད་ལས།།

རྟོག་འགྱུར་འཆར་སྣང་ཉམས་འཕྱོའི་སྨྱུག་རྩེར་ལག་ལ་འཆོད་ཏེ་བྲིས་འདི་ལྟ།།


  • ལེ་ཚན་སྔོན་མ།:འཇིག་རྟེན་བའི་རང་མཚང་།
  • ལེ་ཚན་རྗེས་མ།:གཟའ་ཉི་མའི་ཉིན་མོ།