སྦྲ་ནག

འབར་མེ། ༼མགོ་ལོག༽        2018-09-21

བདག་གི་འབྲོག་ཡུལ་གྱི་སྤང་ཐང་ངོས་སུ་ཕུབ་པའི་ཁེར་རྐྱང་གི་སྦྲ་ནག་དེ་ལ་བསམ་བློ་གཏོང་དུས། གློ་བུར་དུ་དཔེ་དེབ་ཁ་ཤས་ཤིག་གི་ངོས་ལ་སྦྲ་ནག་འགའ་སློབ་ཚན་དུ་བྲིས་ཡོད་པ་དྲན་བྱུང་། ད་དུང་ཡང་རྗེས་ཆད་ཀྱི་དཔྱད་རྩོམ་འགའ་ཞིག་དང་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་འདུག་པ་འགའ་ཡང་དྲན་བྱུང་། ཀྱེ། སྦྲ་ནག་ལགས། གངས་ཅན་གྱི་ཡུལ་གྲུ་འདི་རུ་བརྟེན་པའི་རིགས་རྒྱུད་འདིའི་གཏམ་རྒྱུད་ཁྱོད་ཡིན་ལ། གངས་རི་དང་མཚོ་མོའི་ལྷ་སྒྲུང་དུ་རྒྱུར་བའི་ལོ་རྒྱུས་ཡང་ཁྱེད་དང་དམ་པོ་འབྲེལ་ཡོད། བཙན་པོ་ཡི་ལོ་རྒྱུས་འཛམ་གླིང་གི་ཡང་རྩེ་རུ་སྤྲིན་དཀར་གྱི་འདབ་མ་ནང་བཞིན་མཁའ་དབྱིངས་སུ་འཕྱོ་བ་ཡང་སྦྲ་ནག་ཁྱེད་ཡིན། ད་ལྟ་ངས། དྲན་པ་ཡི་སྒོ་མོ་ཆེ་རུ་ཕྱེས་ནས་བསམ་ཞིག་གི་མིག་གིས་ཕྱོགས་ས་ནི་སྦྲ་ནག་ཁྱེད། སྦྲ་ནག་ནི་འབྲོང་དང་གཡག་གི་རྩིད་པ་ལས་བྱུང་བ་ཡིན་ལ། ལག་རྩལ་གྱི་བློ་རྩེ་རྣོན་པོ་ཁབ་མགོ་ནས་དལ་གྱིས་འབྱིན་ནས་བོད་མི་རྣམ་གྱིས་ཐབས་ཤེས་ཀྱི་བཟོ་བཀོད་ངར་མས་ཡང་ཡང་བརྡར་བ་ནས་བཟུང་། ཁྱོད་ད་གཟོད་སྦྲ་ནག་ཏུ་འགྱུར་བ་མ་ཡིན་ནམ། ཁྱོད་ནི་བསིལ་ལྡན་གྱི་ས་སྒང་དུ་འཚོ་བའི་ལང་ཚོའི་དཔྱིད་དཔལ་རྒྱས་པ་ནས་བཟུང་། ཁྱོད་ནི་ཚ་དྲོད་དང་གྲང་ངར་ལ་འཐབ་པའི་སྟོབས་ཤུགས་ལ་རང་དབང་ཐོབ་ནས་བཟུང་། ཁྱོད་ནི་ལོ་རྒྱུས་ཀྱི་དེབ་ཐེར་ལ་ཁོད་ནས་གྲགས་པ་དར་བ་ནས་བཟུང་། སྦྲ་ནག་གི་གཟི་དཔལ་སྲིད་པའི་གངས་རྒན་གྱི་བང་རིམ་རྩེ་མོ་ལ་འཐིམ་པའི། སྦྲ་ནག་ཁྱེད་ནི་འདས་དུས་ཀྱི་འཚོ་བ་ལ་འབྲེལ་ཞིང་སྙན་ངག་གི་བརྗོད་བྱ་ལ་འདྲེས། བུ་ཕྲུག་གི་ངུ་ངག་གི་དབྱངས་རྟ་ཐོག་མ་མི་ཡུལ་ལ་སྒྲོག་དུས་མིག་གིས་མཐོང་ས་ཁྱེད་ཡིན་ལ། ཡབ་མེས་ཀྱི་འཆི་སེམས་སྐད་ཅིག་མཐའ་མ་བསྐྱེད་ས་དེའང་ཁྱེད་ཡིན། ཁྱེད་མཐོ་སྒང་གི་མི་ཡུལ་འདི་རུ་དར་བ་ནས་བཟུང་། གཡུ་བྱུར་གྱི་རྒྱན་ཆ་ཁུར་ཞིང་། གནག་སྣུམ་གྱི་སྐྲ་ལོ་ལན་བུ་དུ་མ་ལ་འཆང་བའི་སྨན་ཆུང་བུ་མོ་ཚོའི་མི་ཚེའི་ལང་ཚོའི་མཛེས་སྡུག་ཁྱེད་དང་ལྷན་དུ་འཐིམ་མྱོང་། འོན་ཀྱང་། ད་ལྟ་ཁྱེད་ཀྱི་རྒྱུད་པ་ནི་ཉིན་མོ་སྐར་མ་ནང་བཞིན་སྤང་ལྗོངས་དང་འབྲོག་ཡུལ་འགའ་ལ་གཅིག་གཉིས་ལས་མི་སྣང་ལ། ཁྱེད་དང་ང་ཚོ་ཡི་བར་གྱི་མི་ཚེ་སྐྱིད་སྡུག་མཉམ་མྱོང་གི་མཛའ་བརྩེ་དེ་ཡང་ཡུན་ན་ཡུན་དུ་བར་སྟོང་གི་སྒོ་མོ་དལ་བོར་རྒྱག་གྱིན་འདུག འདི་ནི་ཁྱེད་ཀྱི་སྐྱོན་ཆ་མ་ཡིན་ལ་ང་ཚོ་ཁྱེད་དང་ཉེ་བར་མ་བཅར་བས་ཡིན་ལགས། སྦྲ་ནག་ཡ། སྦྲ་ནག

  • ལེ་ཚན་སྔོན་མ།:དར་ཞིང་སྒང་གི་སློབ་གྲྭ
  • ལེ་ཚན་རྗེས་མ།:བོད་ཀྱི་སྙན་ངག་པའི་མཚན་མོ་བསུ་བ།