ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོ་འགོ་ཚུགས།

        2018-09-20

ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོ་འགོ་ཚུགས།

  

སྤྱི་ཟླ༩པའི་ཚེས༢༠ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་དཀར་མཛེས་ཁུལ་རིག་གནས་ཁང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་དཀར་མཛེས་ཁུལ་གྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་སྤེལ་བ་རེད། སློབ་དཔོན་ཆེན་མོ་འཇམ་དཔལ་རྒྱ་མཚོས་དཀར་མཛེས་ཁུལ་གྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོའི་ཁྲིད་ཐེངས་དང་པོ་གནང་།

   ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་ཝང་ཏན་གྱིས་འགོ་ཚུགས་མཛད་སྒོ་གཙོ་འགན་བཞེས་ཤིང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་བ་གཞོན་པ་གཡུ་སྒྲོན་གྱིས་ཤིས་ཚིག་ཕུལ་བ་རེད།

  འཇམ་དཔལ་རྒྱ་མཚོས་དཀར་མཛེས་ཁུལ་དུ་དམར་དམག་རྒྱང་སྐྱོད་ཀྱི་གནས་ཚུལ་ཞེས་པའི་བརྗོད་བྱར་དམིགས་ནས་འཆད་ཁྲིད་གནང་ཞིང་། ཁོང་གིས་དཀར་མཛེས་ཁུལ་དུ་དམར་དམག་རྒྱང་སྐྱོད་བྱེད་པའི་དུས་ཚོད་དང་ལམ་ཕྱོགས། དམར་དམག་གིས་དཀར་མཛེས་ཁུལ་དུ་བསྒྲུབས་པའི་དོན་དག་གཙོ་བོ། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་དམར་དམག་རྒྱང་སྐྱོད་ལ་མི་ཤུགས་རྒྱུ་གསུམ་གྱི་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་བྱས་རྗེས་བླ་ན་མེད་པ་བཞག་ཚུལ། དཀར་མཛེས་ཁུལ་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཡང་དག་པ་ལག་ལེན་བསྟར་ཚུལ། མི་རིགས་མཐུན་སྒྲིལ་གྱི་གསེར་ཟམ་བཙུགས་ཚུལ། མི་རབས་རྗེས་མས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་བརྗེད་དུ་མི་རུང་བ་དང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏང་དགོས་ཚུལ་སོགས་ལུང་དང་རིགས་པ། དངོས་ཡོད་ཀྱི་དཔེ་མཚོན། རང་གི་མྱོང་བ་བཅས་དང་སྦྲགས་ནས་འཆད་ཁྲིད་གནང་བ་རེད།

   

ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོ་འགོ་ཚུགས།


དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོ་ནི་སྤྱི་ལོ༡༩༣༨ལོར་འབའ་ཐང་དུ་འཁྲུངས་ཤིང་། ཞིབ་འཇུག་པ་ཡིན། ༡༩༥༥ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཞིང་། ཀྲོའུ་ཙུང་ལི་དང་ཁྲེན་དབྱི། ལི་ཝེ་ཧན་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་ལོ་ཙཱ་བྱས་མྱོང་། ད་ལྟ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། རྒྱལ་ཡོངས《གེ་སར》ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ།《གེ་སར》ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཞིབ་འཇུག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཚན་ཁག་གི་འབུམ་རམས་པའི་སློབ་མའི་ཁྲིད་སྟོན་དགེ་རྒན་བཅས་ཀྱི་འགན་བཞེས་བཞིན་ཡོད།

  ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་རྒྱུད་རིམ་ལྡན་པའི་སྒོ་ནས་ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོ་འདི་ལྟར་སྤེལ་བ་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་རེད།

༼སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།༽

༼མགར་རྒྱལ་སྲས། ༽


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་མཐོ་སྒང་སྐྱེ་ཁམས་ལ་ཕུག་ལ་ཐོན་འབབ་ཡག་པོ་བྱུང་།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་བཅོས་བསྒྱུར་མཐར་ཕྱིན་པ་བྱ་དགོས་པའི་མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོའི་རྒྱལ་ཡོངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་ཐོག་མ་མཉམ་དུ
  • དོ་སྣང་ཆེ་བའི་རྩོམ།